མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་
བསལ་ཕོ་ཉ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་02ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའི་དམིགས་
བསལ་ཕོ་ཉ་དང་མཇལ་འཛོམས་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་གི་དམིགས་བསལ་ཕོ་ཉ་ཀྲུང་དབྱང་ཕྱི་དོན་པུའི་པུའུ་ཀྲང་ཧོང་ཕིང་ཅུན་དང་མཇལ་འཛོམས་གནང་བ་རེད།
         ཧོང་ཕིང་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་རོན་ཧྥུ་ཀྲུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ལ་བསྐུར་གནང་བའི་ལྗགས་ལན་བརྒྱུད་ཞུ་གནང་བ་དང་། རོན་ཧྥུ་ཀྲུང་གི་ལྗགས་ལན་ནང་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོ་ནི་མཛའ་མཐུན་སྲོལ་རྒྱུན་ཡུན་རིང་ལྡན་པའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པ་དང་། རྒྱལ་ཁབ་གཉིས་པོ་ནི་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཡིན་པས་རྒྱལ་ཁབ་གཉིས་པོར་འདྲ་མཚུངས་ཀྱི་རྩ་བའི་ཁེ་ཕན་མང་པོ་ལྡན་ཡོད། བརྟན་ལྷིང་ཡག་པོ་ཡོང་ཐབས་བྱེད་པ་དང་ཕྱོགས་ཡོངས་ནས་གཉིས་ཕན་མཉམ་ལས་བྱེད་པའི་མཛའ་མཐུན་གྱི་འབྲེལ་བ་ནི་ལོ་རྒྱུས་ཀྱི་འགན་འཁྲི་ཞིག་ཡིན་ལ་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཞིག་ཀྱང་ཡིན་པས། དེ་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བ་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཏང་གཉིས་ཀྱི་འབྲེལ་བས་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་བློ་མཐུན་ཚོ་དང་མཉམ་དུ་ཕྱོགས་གཉིས་པོའི་མཐོ་རིམ་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཐོ་རིམ་དབར་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དང་དེ་མིན་ཁྱབ་ཁོངས་ཁག་གི་མཉམ་ལས་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྡེ་ཚན་ཁག་དང་། ས་གནས་ཁག དམངས་ཁྲོད་བཅས་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མཚོ་ཐོག་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཝེ་ཐེ་ནམ་དང་ཀྲུང་གོའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡུན་རིང་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་ས་ཁུལ་དེ་ག་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་དུ་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་འཁོད་ཡོད།
         ཞིས་ཅིན་ཕིང་གིས་རོན་ཧྥུ་ཀྲུང་གིས་ལྗགས་ལན་བསྐུར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་ཕན་ཚུན་དམིགས་བསལ་ཕོ་ཉ་མངགས་ནས་ཏང་ནང་དང་རྒྱལ་ནང་གི་གནས་ཚུལ་གལ་ཆེན་ཤོད་རེས་བྱེད་པ་དང་། རྟེན་འབྲེལ་གློག་འཕྲིན་གཏོང་རེས་བྱེད་པ་དེ་ནི་ཏང་གཉིས་ཀྱི་སྲོལ་རྒྱུན་གལ་ཆེན་ཞིག་རེད། ད་རེས་ཝེ་ཐེ་ནམ་གུང་ཁྲན་ཏང་གི་ཚོགས་ཆེན་བཅུ་གཉིས་པ་འཚོགས་རྗེས། ང་ཚོ་ཏང་གཉིས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་མཐུད་དང་འཕེལ་རྒྱས་བཏང་བ་དེ་ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས།
          ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཏང་གཉིས་དང་རྒྱལ་ཁབ་གཉིས་ནི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པ་དང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན་པས་དེ་ནི་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝེ་ཐེ་ནམ་ཕྱོགས་དང་མཉམ་དུ“ཡིག་འབྲུ་བཅུ་དྲུག”གི་བྱེད་ཕྱོགས་དང“ལེགས་པོ་བཞིའི”དགོངས་དོན་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་དབར་ཕན་ཚུན་སྲོལ་རྒྱུན་གྱི་འཚམས་འདྲི་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཟབ་ཏུ་གཏོང་བ། ཏང་འཛུགས་སྐྱོང་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ། འབྲེལ་ཡོད་ཀྱི་མི་མཐུན་པ་ཐག་གཅོད་འོས་འཚམ་བྱེད་པ་བཅས་ཀྱི་ཐོག་ནས་ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡུན་རིང་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།