མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་དུ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་05ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་བཞི་བ་པེ་ཅིང་དུ་འགོ་ཚུགས་པ།

         ཟླ་3ཚེས་5ཉིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འཚོགས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཚོགས་འདུར་ཕེབས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་5ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས་འབད་འཐབ་བྱས་ན་འབྱུང་འགྱུར་གཏོད་ཐུབ། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་ཀྱིས་སེམས་འགྲིལ་ནུས་འདུས་དང་འབད་འབུངས་ཧུར་ལེན་བྱས་ནས་འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་འགོ་ཡག་པོ་འཛུགས་ཐུབ་པའི་འགན་ལེན་བྱས་ཐོག་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་ཐུབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་མཛུབ་སྟོན་གནང་བ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་3000ཙམ་ད་ཐེངས་ཀྱི་ཚོགས་འདུ་གཟབ་རྒྱས་ནང་ཞུགས་ནས་མི་དམངས་དུང་ཕྱུར་13གྱི་མངགས་བཅོལ་ཟབ་མོ་ཕྲག་ཐོག་ཏུ་ཁུར་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་བསྒྲུབ་རྒྱུ་རེད། མི་ཁྲི་ཤོང་བའི་མི་དམངས་ཚོགས་ཁང་ཆེ་མོ་གློག་སྒྲོན་གྱིས་བརྒྱན་པ་དང་ཀྲུའུ་ཞི་སྡིངས་ཆའི་རྒྱབ་ཡོལ་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། ཚོགས་ར་ཡོངས་ཀྱི་རྣམ་པ་ཟབ་ལ་འཁྲུག་ཆ་དོད་པ་ཞིག་ཡོད་པ་རེད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཀྲང་ཏེ་ཅང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ལི་ཅན་གོ་དང་། ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི ཡན་ཅོན་ཆི། ཝང་ཁྲེན། ཧྲེང་གཡོད་གཡོད། ཅི་པིན་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས། ཨའེ་ལི་ཀེང·དབྱི་མིན་པ་ཧའེ། དབན་ཨེ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ་བཅས་ཀྲུའུ་ཞི་སྡིངས་ཆའི་ལག་བསྟར་ཀྲུའུ་ཞིའི་བཞུགས་གནས་སུ་བཞུགས་ཡོད་པ་རེད།
         ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཕེབས་དགོས་པའི་འཐུས་མི་2943ཡོད་པ་དང་། ད་ཐེངས་ཀྱི་ཚོགས་འདུར་འཐུས་མི་2890ཕེབས་པ་དང་འཐུས་མི་53ཕེབས་མེད་པ་དང་ཚོགས་འདུར་ཕེབས་པའི་འཐུས་མིའི་མི་གྲངས་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
         སྔ་དྲོའི་ཆུ་ཚོད་9པའི་ཐོག་ཀྲང་ཏེ་ཅང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བཏང་བ་རེད།
         ཚོགས་འདུའི་གྲོས་རིམ་གཞིར་བཟུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་དེ་ཁག་གསུམ་ལ་དབྱེ་བ་སྟེ། གཅིག 2015ལོའི་ལས་ཀའི་ཕྱིར་དྲན་དང་། གཉིས། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་དམིགས་ཚད་ལས་འགན་གཙོ་བོ་དང་བྱ་ཐབས་གལ་ཆེན། གསུམ། 2016ལོའི་གཙོ་གནད་ལས་དོན་བཅས་ཡིན་པ་རེད།
         ལི་ཁེ་ཆང་གིས་གསུངས་དོན། འདས་ཟིན་པའི་ལོ་གཅིག་ནང་རང་རྒྱལ་གྱི་འཕེལ་རྒྱས་ཐད་དཀའ་ངལ་སྣ་ཚོགས་དང་འགྲན་སློང་དྲག་པོ་འཕྲད་ཡོད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་སྲ་ཞིང་བརྟན་པའི་ཡིད་ཆེས་དང་རྨད་དུ་བྱུང་བའི་བློ་སྟོབས་ལ་བརྟེན་ནས་དཀའ་སེལ་འགག་སྒྲོལ་དང་གསར་འབྱེད་ཡར་བརྩོན་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ཁྲོད་ལེགས་སུ་ཕྱིན་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གཙོ་བོ་ལེགས་གྲུབ་ཐུབ་སྟེ་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཡོད། ལི་ཁེ་ཆང་གིས་བརྟན་པོའི་ངང་འཕར་རྒྱུ་དང་། གྲུབ་ཆ་ལེགས་སྒྲིག ཉེན་ཁ་འགོག་པ་བཅས་ཀྱི་ཐོག་ནས་སྤྱི་ཁོག་སྙོམས་སྒྲིག་བྱེད་སྟངས་གསར་གཏོད་བྱེད་པ་དང་། ཁྲོམ་རའི་གསོན་ཤུགས་འཕེལ་རྒྱུར་དམིགས་ནས་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ནས་ཐོན་ལས་གསར་གཏོད་རིམ་སྤོར་ཡོང་བ་བྱེད་པ། འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་བཏང་ནས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་འདོགས་ཤུགས་ཆེ་རུ་གཏོང་རྒྱུར་དམ་པོར་དམིགས་ནས་སྤྱི་ཚོགས་ཀྱི་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བ་བྱས་ནས་ཁྲིམས་བཞིན་སྲིད་འཛིན་དང་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཕྱིར་དྲན་གནང་བ་རེད།
         ལི་ཁེ་ཆང་གིས་མཛུབ་སྟོན་གནང་དོན། ན་ནིང་གི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱེད་པ་དང་དུས་མཚུངས་ང་ཚོས་རིག་པ་དྭངས་གསལ་གྱི་སྒོ་ནས་མཐོང་དགོས་པ་ཞིག་ལ་རང་རྒྱལ་གྱི་འཕེལ་རྒྱས་ཁྲོད་ད་དུང་དཀའ་ངལ་དང་གནད་དོན་མི་ཉུང་བ་ཞིག་གནས་ཡོད། སྔར་ལས་ལྷག་པའི་སྒོ་ནས་སེམས་ཁྲལ་གྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་གནད་དོན་དེ་དག་ཐག་གཅོད་བྱས་ཏེ་དམངས་ཀྱི་བློ་ཕྱོགས་གཏད་ཡུལ་སྲིད་འཛིན་ཁ་ཕྱོགས་སུ་འཛིན་པ་དང་སེམས་ནུས་ཡོད་རྒུས་སྲིད་གཞུང་གི་ལས་དོན་ལེགས་པར་བསྒྲུབས་ཐོག་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།
         “ལོ་ལྔ་ཚན་བཅུ་གཉིས་པའི”དུས་སྐབས་ཀྱི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་དྲན་གནང་རྗེས་ལི་ཁེ་ཆང་གིས་གསུངས་དོན། 《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད(འཆར་ཟིན)》བཟོས་ཏེ་ཚོགས་ཆེན་ཐོག་ཞིབ་བཤེར་བྱ་རྒྱུར་ཕུལ་ཡོད། 《རྩ་གནད་འཆར་ཟིན》གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་ཏེ་འཕེལ་རྒྱས་དོ་སྙོམས་མེད་པ་དང་། མཐུན་སྦྱོར་མེད་པ། རྒྱུན་མཐུད་མེད་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ཏེ་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོ་འཛུགས་དགོས་པའི་ནན་བཤད་བྱས་ཏེ་སླད་ཕྱིན་ལོ་ལྔའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་གསལ་པོ་བཟོས་པ་དང་། འཕེལ་རྒྱས་ལ་འདེགས་སྐྱོར་གྱི་སྲིད་ཇུས་གལ་ཆེན་དང་། ལས་གྲྭ་གལ་ཆེན། རྣམ་གྲངས་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་པ་ལས་གཤམ་གསལ་ཕྱོགས་དྲུག་མངོན་གསལ་དུ་བཏོན་ཡོད་པ་སྟེ། གཅིག་ནི་དཔལ་འབྱོར་འབྲིང་མཐོའི་ངང་འཕར་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཐོན་ལས་ཆུ་ཚད་འབྲིང་མཐོར་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ནི་གསར་གཏོད་དང་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་བཏང་ནས་འཕེལ་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་བསྣན་དགོས་པ། གསུམ་ནི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཞི་ནི་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཆགས་པ་བྱས་ཏེ་སྣོད་བཅུད་ཁོར་ཡུག་མགྱོགས་མྱུར་ལེགས་སུ་གཏོང་བ། ལྔ་ནི་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་སྒྲིག་གཞི་གསར་པ་འཛུགས་པ། དྲུག་ནི་དམངས་འཚོར་ཕན་པ་འདོགས་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་མི་དམངས་ཡོངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས།
         ལི་ཁེ་ཆང་གིས་མཛུབ་སྟོན་གནང་དོན། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་ངེས་པར་དུ་ཕྱོགས་གསུམ་ཁོང་དུ་ནན་པོ་ཆུད་དགོས་པ་སྟེ། གཅིག་ནས་འགག་གནད་ཨང་དང་པོ་ཡིན་པའི་འཕེལ་རྒྱས་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གཉིས་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། གསུམ་ནས་འཕེལ་རྒྱས་ཀྱི་འགུལ་ནུས་གསར་རྙིང་རྒྱུན་མཐུད་བརྗེ་སྒྱུར་བྱེད་མགྱོགས་སུ་གཏོང་དགོས།
         ལི་ཁེ་ཆང་གིས་གསུངས་དོན། 2016ལོའི་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.5%ནས་7%བར་འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་གི་འཕར་ཚད་3%ཙམ་དང་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་ཐུབ་ཚད་མི་གྲངས་ཁྲི་1000ཡན་ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚོད་འཛིན་ཐུབ་པ་བྱེད་པ། ཕྱིར་གཏོང་ནང་འདྲེན་བརྟན་པོ་དང་ཡག་པོ་ཡོང་བ་བྱེད་པ། རྒྱལ་སྤྱིའི་གཏོང་ཡོང་གཞི་རྩའི་ཐོག་དོ་སྙོམས་ཡོང་བ་བྱེད་པ། གྲོང་མིའི་ཡོང་འབབ་འཕར་ཚད་དང་དཔལ་འབྱོར་འཕར་ཚད་གཞི་རྩའི་ཆར་གཅིག་མཚུངས་ཡོང་བ་བྱེད་པ། ཚན་པའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ཟད་གྲོན་3.4%ཡན་ཆག་པ་བྱེད་པ་དང་སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་མུ་མཐུད་ཉུང་དུ་གཏོང་རྒྱུ་བཅས་རེད།
         ལི་ཁེ་ཆང་གིས་གསུངས་དོན། 2016ལོར་ཕྱོགས་བརྒྱད་ཐད་ཀྱི་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་བརྟན་པོ་དང་འཐུས་ཚང་དུ་བཏང་ནས་དཔལ་འབྱོར་དེ་ལུགས་མཐུན་ཁུལ་དུ་འཁོར་རྒྱུག་ཐུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཉིས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ། གསུམ་ནས་རྒྱལ་ནང་གི་དགོས་མཁོའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་བ་གཏོད་པ། བཞི་ནས་དེང་རབས་ཞིང་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ཞིང་པར་རྒྱུན་མཐུད་འབབ་འཕར་ཡོང་བ་བྱེད་པ། ལྔ་ནས་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་མ་བཏང་ནས་ནུས་ཤུགས་ཡོད་རྒུས་མཉམ་ལས་གཉིས་ཁེ་ཡོང་བ་བྱེད་པ། དྲུག་ནས་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་ཡོང་བ་བྱེད་པ། བདུན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་ཏན་ཏིག་བཏང་ནས་སྤྱི་ཚོགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བརྒྱད་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྲིད་སྐྱོང་ནུས་པ་ཆེ་རུ་དང་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་དགོས།
         ལི་ཁེ་ཆང་གིས་ད་དུང་མི་རིགས་དང་། ཆོས་ལུགས། ཕྱིར་སྡོད་རང་མིའི་ལས་དོན་དང་། རྒྱལ་སྲུང་དང་དཔུང་སྡེ་འཛུགས་སྐྱོང་། ཤང་ཀང་དང་ཨའོ་མོན་འཕེལ་རྒྱས་དང་ངོགས་གཉིས་པོའི་འབྲེལ་བ་བཅས་དང་དེ་བཞིན་རང་རྒྱལ་གྱི་ཕྱི་འབྲེལ་སྲིད་ཇུས་ཐད་རྒྱས་བཤད་གནང་བ་རེད།
         ཚོགས་འདུའི་གྲོས་རིམ་གཞིར་བཟུང་ཚོགས་ཆེན་ཐོག་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད་ཀྱི་འཆར་ཟིན་དང་། 2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་འཆར་ཟིན་གྱི་སྙན་སྒྲོན། དེ་བཞིན་2016ལོའི་འཆར་འགོད་འཆར་ཟིན། 2015ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་། 2016ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་གྱི་སྙན་སྒྲོན་དང་2016ལོའི་རྒྱལ་ཡོངས་ཀྱི་སྔོན་རྩིས་འཆར་ཟིན་བཅས་ལ་ཞིབ་བཤེར་གནང་བ་རེད།

     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།