མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་
བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་
པའི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་11ཉིན། 10:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་
བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་
པའི་གྲོས་ཞིབ་ནང་ཞུགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་རྣམ་གཉིས་ཚེས་9ཉིན་གྱི་སྔ་དྲོ་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འབྲེལ་ཡོད་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པ་རེད།
          ལི་ཁེ་ཆང་ཀོང་ཏུང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཀྲུའུ་ཞའོ་ཏན་དང་། ཀྲུང་ནན་ཧྲན། ཙེང་ཤང་ཀུའེ་སོགས་འཐུས་མིས་སྒྱུར་བཅོས་གསར་གཏོད་དང་། ཁོར་ཡུག་བཅོས་སྒྲིག ཞིང་པ་ལས་མི་གྲོང་ཁྱེར་དུ་མཉམ་བསྲེས། ལས་ཞུགས་ལས་གཏོད་སོགས་གནད་དོན་ལ་དམིགས་ཏེ་གཏམ་བཤད་ཧུར་ཐག་སྤེལ་བ་རེད། ལི་ཁེ་ཆང་གིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ཞིང་། ཁོང་གིས་ཀོང་ཏུང་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་དང་སྒྱུར་བཅོས་སྒོ་དབྱེའི“དཔེ་དམག”ཅིག་རེད། འདི་ལོ་དུས་བབ་རྙོག་འཛིང་ཆེན་པོ་ཡོད་པས་ཀོང་ཏུང་བས་གཞན་གྱི་སྔོན་དུ་འགན་འཁྲི་ལྕི་པོ་ཕྲག་ཐོག་ཏུ་འཁུར་ཕོད་པ་བྱ་རྒྱུའི་རེ་བ་ཡོད། གཅིག་ནས“འབྲིང་མཐོ་གཉིས”ལ་སྐུལ་མ་གཏོང་བའི་མདུན་གྲལ་དུ་བསྐྱོད་དགོས་ཤིང་། གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་དང་ལྷག་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་མུ་མཐུད་སྐུལ་མ་བཏང་ནས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དབང་ཆ་གཤམ་སྤྲོད་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་སྔར་བས་བྱས་ནས་སྤྱི་ཚོགས་ཀྱི་གསར་གཏོད་བྱེད་ནུས་ལ་ཚོད་འཛིན་ཕོག་པའི་བཀག་རྒྱ་མེད་པ་བཟོས་ཏེ་རྒྱལ་སྤྱིའི་འགྲན་རྩོད་དང་མཉམ་ལས་ནང་ཧུར་ཐག་ཞུགས་ནས་སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་བརྟན་ཞིང་མྱུར་བའི་ངང་གོང་འཕེལ་ཐུབ་རྒྱུ་རྒྱུན་འཁྱོངས་ཡོང་བ་བྱེད་དགོས་པ་དང་། གཉིས་ནས་དཔལ་འབྱོར་གསར་པ་གོང་འཕེལ་ཤུགས་ཆེན་གཏོང་དགོས་ཤིང་། དམངས་ཀྱིས་བྱ་གཞག་སྐྲུན་པ་དང་། ཀུན་གྱིས་གསར་གཏོད་བྱེད་པའི་ལས་སྟེགས་གཏོད་དེ་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ལ་ཁྱབ་པའི་ལག་རྩལ་གསར་པ་དང་། རྣམ་པ་གསར་པ། དཔེ་དབྱིབས་གསར་པ་བཅས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་བཏང་ནས“ཞན་ཆ་གསབ་པ”དང་སྲོལ་རྒྱུན་གྱི་ཐོན་ལས་རིམ་འཕར་དང་རྒྱ་ཆེར་གཏོང་རྒྱུའི་ཐད་མ་འཇོག་ནུས་ལྡན་བྱ་རྒྱུར་དམིགས་ནས་མི་ཤུགས་དང་ཤེས་ལྡན་པའི་ཐོན་ཁུངས་སྔར་བས་མང་བར་བརྟེན་ནས་སྒུལ་ནུས་གསར་རྙིང་བརྗེ་སྒྱུར་མགྱོགས་པོ་བྱ་རྒྱུར་སྐུལ་མ་གཏོང་དགོས་པ། གསུམ་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་ས་དམངས་འཚོའི་ཐོག་སྔར་བས་འཇོག་དགོས་ཤིང་། ལས་ཞུགས་དང་ལྷག་པར་དུ་སློབ་ཆེན་སློབ་མའི་ལས་ཞུགས་ལ་སྐུལ་མ་གཏོང་བ་དང་ཞིང་པ་ལས་མིར་གཞི་རྩའི་སྤྱི་པའི་ཞབས་འདེགས་ཞུས་ནས་སྨུག་རྡུལ་སོགས་ཁོར་ཡུག་སྦགས་བཙོག་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་གཏད་ནུས་ལྡན་བཅག་སྟེ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་གོང་མཐོར་གཏོང་དགོས་ཞེས་གསུངས་པ་རེད།
          ལིའུ་ཡུན་ཧྲན་ཧའེ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ལུའོ་པའོ་མིང་དང་། ལིའུ་ཚེ་ཀུའེ། ཧྥུའུ་ཤིང་སོགས་འཐུས་མིའི་གཏམ་བཤད་གསན་རྗེས་ལིའུ་ཡུན་ཧྲན་གྱིས“ལོ་ལྔ་ཚན་བཅུ་གསུམ་པའི”འབད་འཐབ་དམིགས་ཚད་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཐུབ་པ་བྱེད་པར་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྣང་ཆུང་མི་བྱེད་པར་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་མཐུན་སྦྱོར་ངང་གོང་འཕེལ་ཡོང་བ་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་སྐྱོང་ལ་སྐུལ་མ་གཏིང་ཟབ་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་ཤེས་ལྡན་པར་བརྟེན་རྒྱུར་གཙིགས་ཆེན་དང་ཁྱིམ་ཚང་དང་། ལས་རིགས། སློབ་གྲྭ་བཅས་ཀྱི་དར་སྲོལ་བཟང་པོ་འཛུགས་སྐྱོང་དང་ཡ་རབས་ཡུལ་སྐོར་སོགས་ལས་དོན་ཁག་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ཚང་མ་སྣེ་ཁྲིད་ཀྱིས་ལྟེ་བའི་རིན་ཐང་ལྟ་བར་རང་བློ་རང་འཁེལ་གྱི་བསམ་པ་དང་ལག་ལེན་བསྟར་ནུས་ཆེ་རུ་གཏོང་དགོས། རྒྱལ་དམངས་ཀྱི་བྱང་ཚད་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་གོང་མཐོར་གཏོང་རྒྱུར་དམིགས་ཏེ་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་སྤྱི་ཚོགས་ཀྱི་ཁ་དན་ཚིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རིག་གི་དགོངས་པ་དར་སྤེལ་དང་ཀྲུང་ཧྭའི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་བཏང་ནས་ཚང་མར་རྒྱལ་ཁབ་ཀྱི་འདུ་ཤེས་དང་། ཁྲིམས་སྐྱོང་འདུ་ཤེས། སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས་པ། འཛུགས་རྒྱུ་རྩ་བར་བྱེད་པ་དང་གཏོར་འཛུགས་མཉམ་བཟུང་མཐའ་འཁྱོངས་དང་། བདེན་ལེགས་མཛེས་གསུམ་དར་སྤེལ། རྫུན་ངན་སྐྱུག་བྲོ་གསུམ་ཟུར་འབུད། ཚང་མར་དགེ་སྤེལ་སྐྱོན་སྤོང་དང་ལེགས་པའི་ཕྱོགས་སུ་བསྐྱོད་རྒྱུར་ཁྲིད་སྟོན་བཅས་བྱེད་དགོས་པ། སྣོད་བཅུད་ཤེས་དཔལ་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་གཏོང་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་ཤུགས་ཆེན་བཏང་ནས་སྣོད་བཅུད་ཤེས་དཔལ་གོང་དུ་བཀུར་བའི་སྤྱི་ཚོགས་ཀྱི་དར་སྲོལ་གསར་པ་ཆགས་རྒྱུར་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད། ལིའུ་ཡུན་ཧྲན་གྱིས་ཧའེ་ནན་གྱི་ལས་དོན་ལ་ཁས་ལེན་གནང་བ་དང་འབྲེལ་ཡར་རྒྱས་གསར་པ་ཟམ་མི་ཆད་པར་ཡོང་བའི་ཐུགས་རེའང་གནང་བ་རེད།

༄༅།།ལི་ཁེ་ཆང་དང་ལིའུ་ཡུན་ཧྲན་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་
བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་
པའི་གྲོས་ཞིབ་ནང་ཞུགས་པ།