མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཀྱིས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་
ཀྱི་འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་དང་ལི་ཁེ་ཆང་སོགས་ཀྱིས་ཁག་སོ་སོར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་
ཀྱི་འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ།

          མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཀྱིས་ཚེས་8ཉིན་གྱི་སྔ་དྲོ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་འཐུས་མི་ཚོགས་པ་ཁ་ཤས་ཀྱི་གྲོས་ཞིབ་ནང་ཞུགས་པ་རེད།
          “གསུམ་བརྒྱད”རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་འཆར་བའི་སྐབས་འདིར་ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བུད་མེད་འཐུས་མི་དང་། བུད་མེད་ཨུ་ཡོན། བུད་མེད་ལས་དོན་པ། རྒྱལ་ཡོངས་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་བཅས་ལ་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་འབྲེལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཡང་ཞུས་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཧུའུ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། ཚོགས་འདུའི་ཐོག་འཐུས་མི་ཞུས་ཧྲོའུ་ཧྲེང་དང་། ཏུའུ་ཅ་ཧའོ། ཀྲན་ཁྲུན་ཤིན། ཀུའོ་ཅན་ཆུན། ཤང་ཕིང་ཧྭ། ཞེ་ཁྲའོ་དབྱིང་། ལིའུ་ཀྲེང་ཅུན། ཕན་རུན་ལན་སོགས་ཀྱིས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། གནད་སྨིན་དབུལ་སྐྱོར་ལག་བསྟར་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་གནད་དོན་ལ་དམིགས་ནས་སྔ་རྗེས་སུ་བསམ་འཆར་བཏོན་གནང་བ་རེད། ཞིས་ཅིན་ཕིང་གིས་ནན་ཏན་ངང་གསན་པ་དང་ཐོ་བཀོད་གནང་ནས་གནས་ཚུལ་ཡང་ཡང་བཀའ་འདྲི་གནང་བ་དང་འབྲེལ་ཚང་མ་དང་གྲོས་བསྡུར་གནང་རྗེས་མཇུག་ཏུ་གསུང་བཤད་གལ་ཆེན་གནང་བ་རེད། ཞིས་ཅིན་ཕིང་གིས་ཧུའུ་ནན་གྱི་ལོ་5ཡི་ལས་དོན་ལ་ཁས་ལེན་གནང་རྗེས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་བ་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་གཏོང་ལས་དོན་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཐོབ་སེམས་དེ་བས་མང་བ་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད། ཁོང་གིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་དེ་དམག་འཐབ་དྲག་པོ་ཞིག་ཡིན་ཞིང་། “སྣོན་ཐབས”དང“འཕྲི་ཐབས” དེང་སྐབས་དང་ཕུགས། ཤུགས་ཚད་དང་དལ་ལྷོད། འགལ་ཟླ་གཙོ་བོ་དང་ཕལ་པ། སྲིད་གཞུང་དང་ཁྲོམ་ར་བཅས་ཀྱི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ཏེ་འབད་འབུངས་ཡར་བརྩོན་དང་འགན་འཁྲི་འཁུར་ཕོད་པའི་བསམ་པའི་ཉམས་འགྱུར་དང་དོ་དོ་ནན་ནན་དང་དངོས་བརྩོན་དངོས་སྒྲུབ་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་དམག་འཐབ་དྲག་པོ་དེར་རྒྱལ་ཁ་ཐོབ་པ་བྱེད་དགོས་པ་དང་། ཕྱོགས་གཅིག་ནས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་དམངས་འཚོའི་ཞན་ཆ་གསབ་རྒྱུར་དམ་འཛིན་བྱས་ཏེ་ནོར་སྲིད་གཏོང་སྒོའི་གྲུབ་ཆ་འོས་འཚམ་ངང་ལེགས་སྒྲིག་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་ཏན་ཏིག གཞི་རྩའི་སྤྱི་པའི་ཞབས་ཞུ་འགན་ལེན། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་ཞུ་ཞུ་ས་ཡོད་པ་དང་དུས་ཐོག་ཏུ་རོགས་རམ་ཐོབ་པ་བྱེད་དགོས་པ། དུས་བབ་གསར་པའི་འོག་ཞིང་ལས་ཀྱི་འགལ་ཟླ་གཙོ་བོ་དེ་སྤྱི་འབོར་མི་འདང་བ་ནས་གྲུབ་ཆའི་རང་བཞིན་གྱི་འགལ་ཟླའི་བར་འགྱུར་ལྡོག་ཕྱིན་པ་དེ་གཙོ་བོ་ནི་དུས་མཚམས་རང་བཞིན་གྱི་མཁོ་ཉུང་སྤྲོད་མང་དང་མཁོ་སྤྲོད་མི་འདང་བའི་གནས་ཚུལ་མཉམ་དུ་ཐོན་པ་དེ་ཡིན། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་ཞིང་ལས་སྲིད་ཇུས་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བའི་ཁ་ཕྱོགས་གཙོ་བོ་དེ་ཡིན་ཞེས་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་ཁྲུང་ཆིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཧོང་ཆི་ཕན་དང་། ཀྲང་ཤོན། ལིའུ་ཤི་ཡ་སོགས་ཀྱིས་སྐམ་སའི་དབུས་ཁུལ་སྒོ་དབྱེ་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ། སློབ་གསོ་དོ་སྙོམས་ངང་འཕེལ་རྒྱས་སོགས་ཀྱི་གནད་དོན་ཐད་གཏམ་བཤད་སྤེལ་གནང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་ལི་ཁེ་ཆང་གིས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁྲོད་ཁྲུང་ཆིང་ལ་འཐབ་ཇུས་གནས་བབ་གལ་ཆེན་ལྡན་པས་རེ་བར་མུ་མཐུད་མཆོང་ཕོད་དངོས་སྒྲུབ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལྷག་པར་དུ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། དབང་ཆ་གཤམ་སྤྲོད་དང་དོ་དམ་བྱ་རྒྱུ་ཟུང་དུ་འབྲེལ་བ། ཞབས་ཞུའི་སྒྱུར་བཅོས་ལེགས་སུ་གཏོང་བ་བཅས་ལ་མུ་མཐུད་སྐུལ་འདེད་བཏང་ནས་དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་དེ་མི་དམངས་མང་ཚོགས་ཁྲོད་གནས་པའི་གསོན་ཤུགས་སྟོབས་ཆེན་དང་གསར་གཏོད་ནུས་པ་སྐུལ་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་སྔོན་ཐོན་ཉམས་མྱོང་བསྡུ་ལེན་དང་མིག་དཔེར་བྱེད་པ། ལག་རྩལ་དང་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ། གྲགས་ཅན་སྤུས་རྟགས་གཏོད་པ་བཅས་བྱས་ཏེ་དབུས་ནུབ་རྒྱུད་ཀྱི་སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས་པ། སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཏེ་དཔལ་འབྱོར་གསར་པ་འཕེལ་རྒྱས་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ་སོགས་ཀྱི་གོ་སྐབས་གལ་ཆེ་དམ་འཛིན་གྱིས་མང་ཚོགས་ཀྱི་འཛད་སྤྱོད་ཆུ་ཚད་འཕར་བའི་དགོས་མཁོར་དམིགས་ནས་ལག་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་། སྲོལ་རྒྱུན་གྱི་ཐོན་ལས་ཆུ་ཚད་མཐོ་རུ། ངལ་རྩོལ་གྱི་ཐོན་སྐྱེད་ཆུ་ཚད་མཐོ་རུ་བཅས་བཏང་ནས་ལས་ཞུགས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་དགོས་པ། འབྲི་ཆུའི་དཔལ་འབྱོར་རྒྱུད་འཕེལ་རྒྱས་གཏོང་བའི་ཁྲོད་འདེགས་སྐྱོར་སྣེ་ཁྲིད་ནུས་པ་བཏོན་ནས་རི་སྔོ་ཆུ་ལྗང་སྲུང་སྐྱོང་བྱེད་པ་དང་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་བཏང་ཐོག་སློབ་གསོ་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཞན་ཆ་གསབ་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
         ཀྲང་ཏེ་ཅང་གིས་ཅི་ལིན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་པ་དབྱིན་ཁྲའོ་ལུའུ་དང་། ཅང་ཁྲའོ་ལེའང་། ལི་ཤིའུ་ལིན་སོགས་ཀྱི་གཏམ་བཤད་གསན་རྗེས་ཀྲང་ཏེ་ཅང་གིས་ཅི་ལིན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་གཞིར་བཟུང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་བསྟུན་པ་དང་སྟངས་འཛིན་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་སྣེ་ཁྲིད་བྱས་ཐོག་བྱང་ཤར་ས་ཁུལ་སོགས་བཟོ་ལས་རྟེན་གཞིའི་ཁུལ་རྙིང་པ་ཕྱོགས་ཡོངས་ནས་དར་རྒྱས་མྱུར་པོ་ཡོང་བ་བྱེད་དགོས་པ་དང་། ཐོན་ལས་གྲུབ་ཆ་བཟང་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷག་དྲགས་པའི་ཐོན་ནུས་ཕྱིར་འབུད་བྱེད་པ་དང་སྲོལ་རྒྱུན་གྱི་ལེགས་ལྡན་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་བཏང་ཐོག་འཕར་བའི་སྒུལ་ཤུགས་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དགོས་ཞེས་གསུངས་པ་རེད།
          ཡུས་ཀྲེང་ཧྲེང་གིས་ཧོ་ནན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཀུའོ་ཀེང་མའོ་དང་། ཤེ་ཕུའུ་ཀྲན། མ་དབྱི་སོགས་ཀྱི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཡུས་ཀྲེང་ཧྲེང་གིས་ཧོ་ནན་གྱི་ཉེ་བའི་ལོ་ཤས་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་རེ་བར་ཧོ་ནན་གྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་དབུས་རྒྱུད་ས་ཁུལ་དར་རྒྱས་གཏོང་རྒྱུར་དམ་པོར་དམིགས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་སྒྲིག་སྲོལ་་ལམ་སྲོལ་དང་འཕེལ་རྒྱས་གཏོང་སྟངས་གང་མགྱོགས་ཆགས་པ་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་དེང་སྐབས་ཧོ་ནན་ལ་ཡང་རྒྱལ་ཡོངས་དང་འདྲ་བར་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ལས་འགན་ལྕི་པོ་འཕྲད་ཡོད་ཅེས་གསུངས་པ་རེད།
         ལིའུ་ཡུན་ཧྲན་གྱིས་ཉིང་ཞ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ལི་ཅན་ཧྭ་དང་། ལིའུ་ཧུའེ། མ་ཡུས་ཧྭ་སོགས་ཀྱི་གཏམ་བཤད་གསན་རྗེས་ལིའུ་ཡུན་ཧྲན་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་ལག་བསྟར་དོན་འཁྱོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པར་སྙིང་སྟོབས་ཆེར་བསྐྱེད་ཀྱི་བློ་སྟོབས་ལྡན་དགོས་ལ་རྒྱ་ཆེའི་ལས་བྱེད་པའི་ཧུར་སེམས་ཀྱང་སྐུལ་སློང་ཡག་པོ་བྱེད་དགོས། བསམ་བློའི་ཁྲིད་སྟོན་དང་ནུས་པ་མཐོར་གཏོང་ཟུང་འབྲེལ་བྱས་ནས་ལས་བྱེད་པའི་མིག་ལྟོས་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་སྟངས་འཛིན་བྱེད་པ། ནུས་པའི་ཞན་ཆ་གསབ་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་སྤྲད་པའི་ལས་གནས་ཐོག་ནུས་པ་འདོན་བསམ་པ་དང་། ནུས་པ་འདོན་ཤེས་པ། ནུས་པ་འདོན་མཁས་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
           ཝང་ཆི་ཧྲན་གྱིས་ལེའོ་ཉིང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ལི་ཤིས་དང་། ཁྲེན་ཆིའུ་ཧྥ། ཁྲེན་ཝུན་ཕུའུ་སོགས་ཀྱི་གཏམ་བཤད་གསན་རྗེས་ཝང་ཆི་ཧྲན་གྱིས“ཕྱོགས་ལྔ་གཞི་གཅིག”འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པ་མཐའ་འཁྱོངས་བྱེད་པར་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མངོན་འགྱུར་བྱེད་པ་ནི་བྱ་སྤྱོད་དུ་སྤེལ་དགོས་པ་ལས་ཁ་ནས་ཤོད་པ་ཙམ་མ་ཡིན་པས་ངེས་པར་དུ་དམ་པ་དོན་གཉེར་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། ཏང་རྩ་འཛུགས་དང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འགག་རྩ་ཞིག་ཡིན་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་སྤེལ་བར་བརྟེན་ནས་ཏང་གི་སྒྲིག་ཡིག་གོང་དུ་བཀུར་བ་དང་ཕུགས་བསམ་དད་སེམས་ཀྱི་དམིགས་ཡུལ་བརྟན་པོ་ཡོང་བ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་གོ་བ་འཕྱུགས་མེད་ངང་ལེན་དགོས་ཞེས་གསུངས་པ་རེད།
          ཀྲང་ཀའོ་ལིས་ཀན་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་ཤིང་། འཐུས་མི་ཝང་སན་ཡུན་དང་། ལིའུ་ཝུའེ་ཕིང་། ཡུས་ཧའེ་ཡན་སོགས་ཀྱི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཀྲང་ཀའོ་ལིས་འདས་ཟིན་པའི་ལོ་གཅིག་ནང་ཀན་སུའུ་ཡི་སྒྱུར་བཅོས་དང་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ཀན་སུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་། རི་ཀླུང་མཛེས་སྡུག་ལྡན་པ། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་བདེ་སྐྱིད་ལྡན་ལ་མཛེས་སྡུག་ལྡན་པའི་ཀན་སུའུ་གསར་པ་ཞིག་གང་མགྱོགས་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།