མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་དོན་ཚོགས་འདུར་ཕེབས་པ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་16ཉིན། 13:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

༄༅།།ཞི་ཅིན་ཕིང་ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་དོན་ཚོགས་འདུར་ཕེབས་པ་
དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཚེས་13དང་14ཉིན་པེ་ཅིང་དུ་ཀྲུང་དབྱང་དམག་ཨུད་ཀྱི་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་དོན་ཚོགས་འདུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཞི་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་དམག་དོན་སྲིད་ཇུས་ལམ་ལུགས་ཀྱིས་དམག་དོན་གྱི་འབྲེལ་བ་ཡག་ཏུ་གཏོང་བ་དང་། དམག་དོན་ལག་ལེན་ཚད་ལྡན་དུ་གཏོང་བ། དམག་དོན་འཕེལ་རྒྱས་འགན་ལེན་བྱེད་པ་བཅས་བྱས་ཏེ་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱིས་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་མི་དམངས་དམག་དཔུང་དེ་འཛམ་གླིང་གི་དམག་དཔུང་རྩེ་གྲར་ཕྱོགས་ཡོངས་ནས་བསྐྲུན་པ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད། དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གསལ་པོ་བྱས་ཏེ་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་གཏོང་། གོམ་སྟབས་གཅིག་གྱུར། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ནས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་ལས་འགན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལོ་རྒྱུས་ཀྱི་དུས་སྐབས་ནང་རང་རེའི་ཏང་གིས་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་། ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི། མི་དམངས་དམག་དཔུང་གིས་འཁུར་བའི་འགན་འཁྲི་དང་ལས་འགན་བཅས་ལ་གཞིགས་པ་དང་། དམག་དཔུང་འཛུགས་སྐྱོང་དང་བཅོས་སྒྲིག་གི་ཁྱད་ཆོས་དང་ཆོས་ཉིད་དེ་བཞིན་ལག་ལེན་གྱི་བླང་བྱ་གཞིར་བཟུང་། དམག་དོན་སྲིད་ཇུས་ལམ་ལུགས་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་དམག་དཔུང་གི་ངོ་བོ་དང་དམིགས་ཡུལ་མི་ཉམས་ཡུན་གནས་དང་། རྒྱལ་ཁ་ལེན་པའི་དམག་རྒྱག་ནུས་པ་ཆེ་རུ་གཏོང་བ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་པ་བཅས་ཀྱི་ཆེད་འགན་ལེན་གལ་ཆེན་བྱས་ཡོད་ཅེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཡང་དུས་རབས་གསར་པར་སླེབས་ཡོད་ཅེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་ཕྱོགས་སྟོན་དུ་བྱས་ནས་དམག་འཐབ་ཀྱི་ནུས་པ་དེ་གཞི་རྩའི་ཚད་གཞི་འབའ་ཞིག་ཏུ་བརྩི་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་རང་རེའི་དམག་དཔུང་གི་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་བྱེད་དགོས་པ་དང་ཏང་གི་སྒྲིག་ཡིག་དེ་གཞི་རྩའི་བསྲུང་བྱར་བརྩིས་ནས་དམག་དཔུང་གི་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ལམ་འཛུགས་སྐྱོང་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་དོན་སྟོབས་ཤུགས་ལ་སྲིད་ཇུས་ཀྱི་ལམ་ལུགས་སྤྱོད་རྒྱུ་གསར་གཏོད་བྱེད་པར་རྒྱལ་ཁབ་ཀྱི་བདེ་འཇགས་འཐབ་ཇུས་ཀྱི་དགོས་མཁོ་དང་འཚམ་པ་བྱས་ནས་དམག་རྒྱག་ཐུབ་པ་དང་འཐབ་ན་རྒྱལ་་ཐུབ་རྒྱུར་དམིགས་ཏེ་དམག་དོན་འཐབ་ཇུས་ཀྱི་མཛུབ་ཁྲིད་ལམ་ལུགས་གསར་གཏོད་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་དམག་དོན་སྟོབས་ཤུགས་བསྐྱར་འཛུགས་བྱས་ནས་སྲིད་ཇུས་ཀྱི་ལམ་ལུགས་འཛུགས་པར་དམག་དོན་མི་ཤུགས་ཐོན་ཁུངས་ལམ་ལུགས་དང་མ་ལག་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་དམག་དཔོན་ལས་རིགས་ཅན་གྱི་ལམ་ལུགས་བཙུགས་ནས་དམག་མིའི་ཐོབ་ཐང་འགན་ལེན་ལམ་ལུགས་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་དོན་དོ་དམ་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་དོ་དམ་ལམ་ལུགས་གསར་གཏོད་དང་། དམག་གྲོན་དོ་དམ་ལམ་ལུགས་འཛུགས་པ། དམག་དོན་ཐོན་ཁུངས་སྤྱི་འདོམས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་འདུས་གྲུབ་ཅན་དང་དམག་དོན་ཁྲིམས་སྲོལ་དང་ཁྲིམས་གཞུང་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
         ཞི་ཅིན་ཕིང་གིས་དམག་ཡོངས་ཀྱིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་སྐོར་གྱི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཧ་ཅང་ཆེན་པོ་ཞིག་ཏུ་བརྩིས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་སྒྲིག་འཛུགས་དང་ལག་བསྟར་ཚགས་ཚུད་བྱས་ཏེ་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
         ཞི་ཅིན་ཕིང་གིས་དམག་དོན་སྲིད་ཇུས་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་ནི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལས་འགན་ཡིན་པས་ཀྲུང་དབྱང་དང་། རྒྱལ་ཁབ་ལས་ཁུངས། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམག་དཔུང་སྒྱུར་བཅོས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ཡག་པོ་བྱས་ནས་དམག་དཔུང་དང་ས་གནས་མཉམ་ཤུགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"