མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་
ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཆེད་དྲང་ནུས་གཅིག་ཏུ་བསྡུ་དགོས་ཞེས་གསུངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 11ཚེས་17ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

        ཤིན་ཧྭ་གསར་འགྱུར་ཁང་ནན་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་གིས་ཉེ་ཆར་ཅང་སུའུ་རུ་ཆོས་ལུགས་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཏང་གི་ཆོས་ལུགས་ལས་ཀའི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་དང་འཕྱུགས་མེད་ངང་ལག་བསྟར་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཆོས་ལུགས་ལས་རིགས་ཀྱིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། ཏང་དང་ཆོས་ལུགས་ལས་རིགས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་དྲང་ནུས་གཅིག་ཏུ་བསྡུ་དགོས་ཞེས་ནན་བཤད་གནང་བ་རེད།
         ཚེས་14དང་15ཉིན་དབང་དབྱང་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་དང་སློབ་གྲྭ ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་སུ་ཕེབས་ནས་ཆོས་ལུགས་ལས་དོན་དོ་དམ་དང་། ཚོགས་པ་འཛུགས་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་ཆོས་ལུགས་ལས་རིགས་མི་སྣའི་བསམ་འཆར་དང་གྲོས་འགོའང་གསན་པ་རེད། དབང་དབྱང་གིས་ཅང་སུའུ་ཡིས་ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་ཞིང་། ཁོང་གིས་ཆོས་ལུགས་ལས་དོན་ནི་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་དང་སྤྱི་ཚོགས་ཞི་མཐུན། མི་རིགས་མཐུན་སྒྲིལ། རྒྱལ་ཁབ་ཀྱི་བདེ་འཇགས་བཅས་དང་འབྲེལ་བ་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཆོས་ལུགས་ལས་དོན་ཡིན་ཕྱིན་དོན་ཆུང་མིན་པར་ངོས་འཛིན་གཏིང་ཟབ་བྱས་ཏེ་ཏང་གིས་ཆོས་ལུགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། ཆོས་ལུགས་ལས་དོན་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་པ། ཆོས་ལུགས་ལས་དོན་དོ་དམ་བྱེད་པའི་དྲ་རྒྱ་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བཅས་བྱས་ནས་གཞི་རིམ་གྱི་ཆོས་ལུགས་ལས་དོན་ཐད་དམ་འཛིན་བྱེད་མཁན་ཡོད་པ་དང་། དོ་དམ་བྱེད་མཁན་ཡོད་པ། དོ་དམ་ཡག་པོ་ཐུབ་པ་བཅས་ཀྱི་འགན་ལེན་བྱེད་དགོས་པ་དང་། “ཆོས་ལུགས་ཀྱིས་རམ་འདེགས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི”ནོར་འཁྲུལ་གྱི་བསམ་བློ་མཐའ་གཅིག་ཏུ་དོར་ནས་ཚོང་ལས་མ་རྩས་ཆོས་ལུགས་ལ་ཐེ་ཇུས་བྱ་རྒྱུ་ནན་འགོག་བྱེད་པ་དང་རྩ་འཛུགས་དང་མི་སྒེར་གང་ཡང་རུང་བས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་མ་འཇོག་དང་གཉེར་སྐྱོང་བྱེད་མི་རུང་ལ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་ཁེ་ལས་ཀྱི་རྒྱུ་ནོར་ལ་བརྩིས་ནས་ཁྲོམ་རར་ཞུགས་མི་ཆོག ཆོས་ལུགས་ཁག་གིས་འདུལ་ཁྲིམས་དང་བསྟན་དོན་ནང་གི་སྤྱི་ཚོགས་ཞི་མཐུན་དང་།
         དུས་རབས་ཡར་ཐོན། སྐྱོན་བྲལ་དང་ཤེས་དཔལ་བཅས་ལ་ཕན་ཐོགས་ཡོད་པའི་ནང་དོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། འདུལ་ཁྲིམས་དང་བསྟན་དོན་ལ་དེང་དུས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཐུན་པའི་གསལ་འགྲེལ་བྱས་ནས་ཆོས་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་པ་དེ་བས་མང་བ་དགོས་པ། ཆོས་ལུགས་ཀྱི་གོམས་སྲོལ་འཛུགས་སྐྱོང་དང་ནང་ངོས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་ཆོས་ཁྲིམས་དང་སྡོམ་ཁྲིམས་ནན་པོ་སྲུང་བ་དང་། ཆོས་ལུགས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་མཚན་སྙན་ལ་གཅེས་སྐྱོང་བཅས་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་གཟུགས་བརྙན་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་པ། ཆོས་ལུགས་སློབ་གླིང་ཡག་པོ་གཉེར་ནས་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ། ཀུན་སྤྱོད་ཐད་མི་དམངས་ཡི་རང་བ། འགག་རྩའི་སྐབས་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་ཆོས་ལུགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་བསྟན་གནང་བ་རེད། 

  
style="display:none;"