མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《སྒྱུར་བཅོས་སྒོ་དབྱེ་ལོ་བཞི་བཅུའི་རིང་གི་ཀྲུང་གོའི་
འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་14ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

               ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས《སྒྱུར་བཅོས་སྒོ་དབྱེ་ལོ་བཞི་བཅུའི་རིང་གི་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན》གྱི་རྒྱབ་ཤ་དཀར་པོའི་དེབ་བཀྲམ་པ་རེད།
               རྒྱབ་ཤ་དཀར་པོའི་དེབ་ནང་འགོ་བརྗོད་དང་། འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་ལེན་གྱི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་རྩ་དོན་བརྟན་པོ་བཙུགས་པ། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆའི་འགན་ལེན་ཆུ་ཚད་མཐོ་རུ་ཕྱིན་པ། འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ཁག་མངོན་འགྱུར་བྱུང་བ། དམིགས་བསལ་ཚོགས་སྤྱིའི་དབང་ཆ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། ཕྱོགས་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ། རྒྱལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། གྲུབ་འབྲས་ཐོབ་པའི་སྒོ་ནས་རང་རྒྱལ་གྱི་རྒྱལ་བབ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ། མཇུག་བསྡུའི་གཏམ་སོགས་ཚུད་ཡོད་པ་རེད།
             རྒྱབ་ཤ་དཀར་པོའི་དེབ་ནང་2018ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་རེད། སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་དུས་རབས་གསར་པའི་ཆ་རྐྱེན་འོག་རྒྱལ་ཡོངས་མི་དམངས་ལ་སྣེ་ཁྲིད་དེ་སྤེལ་བའི་རླབས་ཆེན་གསར་བརྗེ་གསར་པ་ཞིག་དང་དེང་སྐབས་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་བྱེད་ཐབས་ཤིག་རེད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་ཆེན་པོ་ཐོབ་པ་དང་འཕེལ་རྒྱས་ཕྱིན་ཏེ། གྲུབ་འབྲས་ཐོབ་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་ཡོད་ལ། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ཀྱི་ལེའུ་གསར་པའང་བཏོད་ཡོད་ཅེས་བསྟན་ཡོད།
            རྒྱབ་ཤ་དཀར་པོའི་དེབ་ནང་ལོ་40ཡི་རིང་ཀྲུང་གོས་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་དང་། མིའི་རིགས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་གྲུབ་འབྲས་བསྡུ་ལེན། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རང་བཞིན་གྱི་རྩ་དོན་དང་རང་རྒྱལ་ཁབ་ཀྱི་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་རྒྱུན་ཆད་མེད་པར་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་གཏོད་བྱས་པར་བརྟེན་མི་དམངས་ལྟེ་བར་འཛིན་པ་དང་། འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་གཙོ་བོར་འཇོག་པའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་། ཕྱོགས་ཡོངས་ནས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ཐབས་ལམ་དུ་བྱེད་པ། འགྲོ་བ་མིའི་ཐོབ་ཐང་གི་ཕྱོགས་བསྡུས་མཐུན་སྦྱོར་འཕེལ་རྒྱས་ཁག་དམིགས་ཚད་དུ་བྱེད་པ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གྲུབ་ཡོད་ཅེས་བསྟན་ཡོད།
           རྒྱབ་ཤ་དཀར་པོའི་དེབ་ནང་ལོ་40ཡི་རིང་ཀྲུང་གོས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལས་དོན་རྒྱ་ཁྱབ་ངང་སྤེལ་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འོས་འགན་ནན་ཏན་ངང་སྒྲུབ་པ། ཕྱོགས་ཡོངས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ནང་ཞུགས་པ། གོ་ལ་ཧྲིལ་པོའི་འགྲོ་བ་མིའི་ཐོབ་ཐང་གི་བཅོས་སྒྲིག་མ་ལག་གསར་བསྒྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་འབད་འཐབ་བཅས་བྱས་ཏེ་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྒྱུན་ཆད་མེད་པར་ལེགས་སྐྱེས་གསར་པ་ཕུལ་ཡོད་ཅེས་བསྟན་ཡོད།
          རྒྱབ་ཤ་དཀར་པོའི་དེབ་ནང་དེ་བས་འཐུས་ཚང་གི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་བྱེད་པར་ཀྲུང་གོས་ད་དུང་ལམ་ཐག་རིང་པོ་ཞིག་བརྒྱུད་དགོས་ལ། སྔར་བཞིན་དཀའ་ངལ་དང་འགྲན་སློང་མང་པོ་འཕྲད་རྒྱུ་རེད། མིག་སྔར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་མི་དམངས་ཀྱིས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་བཞིན་ཡོད། སླར་ཡང་ལོ་བཅུ་ཕྲག་རིང་འབད་འཐབ་བྱས་ཚེ་ཀྲུང་གོ་མི་དམངས་ཀྱི་དབང་ཆ་ཁག་ལ་དེ་བས་ལེགས་པ་དང་ཆུ་ཚད་དེ་བས་མཐོ་བའི་འགན་ལེན་ཐུབ་ངེས་དང་ཀྲུང་གོ་མི་དམངས་ཀྱིས་ལ་རྒྱ་དང་། རང་དབང་། བདེ་སྐྱིད་བཅས་དེ་བས་ལོངས་སུ་སྤྱོད་ཐུབ་རྒྱུ་རེད་ཅེས་བསྟན་ཡོད།

  
style="display:none;"