མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས“ཀྲུང་གོ་ཤེས་རྟོགས”རྒྱལ་སྤྱིའི་ཚོགས་འདུ་སྐབས་གསུམ་པར་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། 

གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 12ཚེས་18ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

       ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་16ཉིན“ཀྲུང་གོ་ཤེས་རྟོགས”རྒྱལ་སྤྱིའི་ཚོགས་འདུ་སྐབས་གསུམ་པ་པེ་ཅིང་དུ་འཚོགས་པ་རེད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཚོགས་འདུར་ཕེབས་མཁན་རྒྱལ་ཁབ་ཁག་གི་སྲིད་འཛིན་ལས་རིགས་དང་། འཐབ་ཇུས་ལས་རིགས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་སོགས་ལས་རིགས་ཁག་གི་མི་སྣར་དགའ་བསུ་ཞུས་པ་རེད།
         ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱའི་རིང་ལ་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཡིན་པ་དང་ཆབས་ཅིག་མིའི་རིགས་ལ་ཐུན་མོང་གི་འགྲན་སློང་མང་པོ་འཕྲད་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་འདོད་ཡོད་ཅེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། ལོ་40ཡི་སྒྱུར་བཅོས་སྒོ་དབྱེའི་ནང་ཀྲུང་གོས་འཕེལ་རྒྱས་ཀྱི་བརྗིད་ཆེའི་ལེའུ་བརྩམས་ཡོད་ལ་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའང་སྔར་བས་ཟབ་ཏུ་ཕྱིན་ཡོད། ཀྲུང་གོས་མུ་མཐུད་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་། ཕྱོགས་ཡོངས་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་དང་། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དཔལ་འབྱོར་བརྟན་པོའི་སྒོ་ནས་འཕར་རྒྱུ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་འཛམ་གླིང་ལ་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་པོ་མཁོ་འདོན་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ཚོགས་ཞུགས་སྐུ་མགྲོན་ཚོས་བགྲོ་གླེང་གཏིང་ཟབ་དང་། ཐུན་མོང་གི་ངོས་འཛིན་གཅིག་འདུས་བྱས་ཏེ་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་གཏོང་བ་དང་འཛམ་གླིང་གིས་དེ་བས་ལེགས་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུར་རོགས་རམ། ཀྲུང་གོ་དང་འཛམ་གླིང་གི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཀྲུང་དབྱང་ཕྱི་དོན་ལས་དོན་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན་དབྱང་ཅེ་ཁྲེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།
         “ཀྲུང་གོ་ཤེས་རྟོགས”རྒྱལ་སྤྱིའི་ཚོགས་འདུ་ནི་རྒྱལ་ཁབ་གསར་གཏོད་དང་འཕེལ་རྒྱས་འཐབ་ཇུས་ཞིབ་འཇུག་ལྷན་ཚོགས་དང་། ཕྱི་འབྲེལ་སློབ་ཚོགས། དུས་རབས་21པའི་ལས་འཛིན་ལྷན་ཚོགས་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་པ་ཞིག་རེད། 2013ལོའི་ཟླ་11ནས་2015ལོའི་ཟླ་11པར་པེ་ཅིང་དུ་གྲུབ་འབྲས་ཐོབ་པའི་སྒོ་ནས་སྐབས་གཉིས་ཀྱི་ཚོགས་འདུ་འཚོགས་ཡོད། འདི་ལོའི་ཚོགས་འདུའི་བརྗོད་དོན་གཙོ་བོར་ནི“ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ། གོ་ལ་ཧྲིལ་པོའི་མཉམ་ལས་ཀྱི་གོ་སྐབས་གསར་པ”ཞེས་པ་དེ་ཡིན་ཞིང་། གོ་ལ་ཧྲིལ་པོར་སྐད་གྲགས་ཡོད་པའི་ཆབ་སྲིད་མཁས་ཅན་དང་། འཐབ་ཇུས་མཁས་ཅན། ཁེ་ལས་མཁས་ཅན་བཅས་40ཙམ་ཚོགས་འདུར་ཞུགས་ཡོད་པ་དང་ཚོགས་འདུར་ཞུགས་མཁན་ཁྱོན་མི་གྲངས་600ཙམ་ཡོད་པ་རེད།

  
style="display:none;"