མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཧན་ཀྲེང་གིས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་
ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་17ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཧན་ཀྲེང་གིས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང《ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་གྱི་གཏན་འབེབས》དོན་འཁྱོལ་གནང་བ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་རྗེས་མཐུད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་གནང་བ་རེད།
    ཧན་ཀྲེང་གིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ནང་དོན་ཕུན་སུམ་ཚོགས་པ་དང་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ང་ཚོས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་གྱི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཟབ་ཏུ་གཏོང་དགོས། མ་ལག་གི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་ཚན་རིག་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་བཏང་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་གི་ཆུ་ཚད་མཐོ་པོ་སྲུང་སྐྱོང་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་བྱེད་སྤྱོད་ཐར་པར་མི་གཏོང་བ་དང་སྣོད་བཅུད་ཁོར་ཡུག་གི་སྤུས་ཚད་མགྱོགས་མྱུར་ལེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་སྣོད་བཅུད་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཞེས་གསུངས་པ་རེད།
   ཧན་ཀྲེང་གིས་རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས། བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་མངོན་བཤེར་ལྐོག་ཞིབ་བྱས་ཏེ་རྒྱུན་རྣམ་ཅན་གྱི་གནོན་ཤུགས་རྒྱུན་འཁྱོངས་དང་ཡོངས་ཁྱབ་རང་བཞིན་དང་། བརྒྱུད་རིམ་རང་བཞིན། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་བཅས་ལ་དམིགས་ནས་གནད་དོན་ཤེས་རྟོགས་ཀྱི་དམིགས་སའི་རང་བཞིན་མཐོ་རུ་གཏོང་དགོས། ཁྲིམས་དང་ཁྲིམས་སྲོལ་བཞིན་ལྟ་བཤེར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལྟ་བཤེར་ལམ་ལུགས་ཀྱི་ཚད་ལྡན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་འཚོལ་ཞིབ་རྣམ་པའི་ལྟ་བཤེར་མུ་མཐུད་ཟབ་ཏུ་བཏང་ནས་སྡེ་ཚན་གྱིས་སྲིད་ཇུས་དང་འཆར་འགོད་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མངོན་གསལ་དོད་པའི་གནད་དོན་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས་དག་ཐེར་རྫུས་མ་བྱེད་པ་དང་ཡ་མེད་སྒྲིག་འགལ་གྱི་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ནུས་པ་འཛུགས་སྐྱོང་དང་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ལྟ་བཤེར་དཔུང་ཁག་འདི་ཉིད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དཔུང་ཁག་ཁྲོད་ཀྱི“སྣེ་ཁྲིད་དམག”ལ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
    ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

  
style="display:none;"