མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་17ཉིན། 10:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཟླ་12ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ་སྲིད་དོན་ཞབས་ཞུའི་དམངས་ཕན་གྱི་ཐད་སྦྲེལ་ཁ་པར་ལེགས་སུ་བཏང་སྟེ་ཁེ་ལས་དང་མི་དམངས་ལ་སྟབས་བདེ་བསྐྲུན་པའི་ཞབས་ཞུའི་ལས་ཕྱོད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུའི་བཀོད་སྒྲིག་དང་། རྒྱལ་ཡོངས་སུ་འགྱུར་ཡོད་རྒྱུ་ནོར་དང་ཁེ་དབང་ཁག་ཐེག་གཅིག་གྱུར་ཐོ་འགོད་བྱས་ཏེ་ཁེ་ལས་ལ་ཁག་ཐེག་དང་མ་རྩ་བསྡུ་སྒྲིལ་བྱ་རྒྱུར་རོགས་སྐྱོར་བྱ་རྒྱུའི་གཏན་འབེབས་གནང་བ་མ་ཟད། 《ཁེ་ལས་ཀྱི་མིང་ཐོ་འགོད་དོ་དམ་གྱི་གཏན་འབེབས(དག་བཅོས་འཆར་ཟིན)》བརྒྱུད་དེ་ཁེ་ལས་ཀྱི་མིང་ཐོ་འགོད་བྱ་རྒྱུར་སྟབས་བདེ་དང་ཚད་ལྡན་བཟོས་ཡོད།
    ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞབས་ཞུ་རྣམ་པའི་སྲིད་གཞུང་མགྱོགས་མྱུར་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སྲིད་དོན་ཞབས་ཞུའི་དམངས་ཕན་གྱི་ཐད་སྦྲེལ་ཁ་པར་ནི་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཕྱོགས་པ་ཞིག་ཡིན། དེ་ནི་གནད་དོན་དང་གྲོས་འགོ་འདོན་པ་དང་། སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པར་སྐུལ་འདེད་གཏོང་བ། སྲིད་དོན་ཞབས་ཞུའི་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། ཉེ་བའི་ལོ་ཤས་རིང་ཁེ་ལས་དང་མི་དམངས་ཀྱི་དཀའ་ངལ་སེལ་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། གོམ་སྟབས་རྗེས་མར“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བླང་བྱ་གཞིར་བཟུང་། མིག་སྔར་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་མང་བ་དང་མང་ཚོགས་དོན་དག་སྒྲུབ་སྐབས་གང་སར་རྒྱུག་དགོས་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ་སྲིད་དོན་ཞབས་ཞུའི་དམངས་ཕན་གྱི་ཐད་སྦྲེལ་ཁ་པར་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་དང་མང་ཚོགས་དང་འབྲེལ་བ་ཡོད་པའི་ཛ་དྲག་མ་ཡིན་པའི་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཡིན་ཕྱིན་ས་གནས་དང་ལྷག་པར་དུ་གྲོང་ཁྱེར་དང་རྫོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། ས་གནས་ཀྱིས་བཙུགས་པའི་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་བཙུགས་པ་མ་ཟད་ས་གནས་ཀྱིས་ཉན་པའི་སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱི་ཨང་གྲངས་རྣམས་ཟླ་སྒྲིལ་གཏོང་ཐུབ་རིགས་ཟླ་སྒྲིལ་གཏོང་གང་ཐུབ་དང་ཨང་གྲངས་གཅིག་བེད་སྤྱོད་བྱེད་གང་ཐུབ་བྱས་ཏེ་མང་ཚོགས་ཚོས་བློ་ལ་ངེས་བདེ་པོ་དང་སྤྱོད་བདེ་པོ་ཡོང་བ་དང་སྐར་ཁུང་གཅིག་ནས་ཞབས་འདེགས་ཞུ་ཐུབ་པ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ས་གནས་ཀྱི་ཐད་སྦྲེལ་ཁ་པར་ལེགས་སུ་གཏོང་བའི་ལས་དོན་ལ་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱེད་དགོས།
    ཚོང་གཉེར་ཁོར་ཡུག་ལེགས་གཏོང་དང་དངུལ་རྩས་དངོས་ཚན་དཔལ་འབྱོར་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་བར་སྐུལ་འདེད་གཏོང་ཆེད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་དང་གྲོང་ཁྱེར་ཁག་གཅིག་གིས་འགྱུར་ཡོད་རྒྱུ་ནོར་དང་ཁེ་དབང་ཁག་ཐེག་གཅིག་གྱུར་ཐོ་འགོད་ཀྱི་ཚོད་ལྟ་བྱས་ཏེ་ཁེ་ལས་ལ་ཁག་ཐེག་དང་མ་དངུལ་བསྡུ་སྒྲིལ་བྱེད་པར་སྟབས་བདེ་བསྐྲུན་ཡོད། ཚོད་ལྟ་བྱེད་རིང་དམངས་གཉེར་དང་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱིས་ཁག་ཐེག་ཐོ་འགོད་ལས་སྒོ་གཉེར་ཚད་95%ལྷག་ཟིན་པ་དང་མ་དངུལ་བསྡུ་སྒྲིལ་གྱི་བསྡུར་ཚད་80%ལྷག་ཟིན་ཡོད། སྒྱུར་བཅོས་ཀྱི་གྲུབ་འབྲས་སྔར་བས་རྒྱ་ཆེར་གཏོང་ཆེད། ཚོགས་འདུའི་ཐོག་2021ལོའི་ཟླ་1ཚེས་1ཉིན་ནས་བཟུང་ཉེར་སྤྱོད་རྒྱུ་ནོར་དང་ཁེ་དབང་ཁག་ཐེག་རྒྱལ་ཡོངས་སུ་གཅིག་གྱུར་ཐོ་འགོད་བྱ་རྒྱུ་དང་། དེ་སྔ་ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་འགན་འཁུར་བའི་ཐོན་སྐྱེད་སྒྲིག་ཆས་དང་། མ་བཅོས་རྒྱུ་ཆ། ཕྱེད་གྲུབ་ཐོན་རྫས། ཐོན་རྫས་གཏའ་འཇོག་ཐོ་འགོད་བཅས་དང་མི་དམངས་དངུལ་ཁང་གིས་བསྡུ་འགན་འཁུར་བའི་རྩིས་དངུལ་གཏའ་འཇོག་ཐོ་འགོད་དང་དེ་བཞིན་བཅོལ་འཛིན་གཏའ་འཇོག་དང་། མ་དངུལ་བསྡུ་སྒྲིལ་དང་བོགས་གཏོང་། གཏོང་སྤྲོད་ཚབ་འཇལ་སོགས་ཀྱི་ཐོ་འགོད་དེ་དག་མི་དམངས་དངུལ་ཁང་གིས་གཅིག་གྱུར་གཉེར་འགན་ཁུར་ཏེ་དྲ་སྦྲེལ་ལ་གཞིགས་ནས་ཆུ་ཚོད་7×24ཡི་རིང་ཉིན་མཚན་དབྱེར་མེད་ཀྱིས་ཞབས་འདེགས་ཞུ་རྒྱུ། དེ་གོང་ཉེར་སྤྱོད་རྒྱུ་ནོར་དང་ཁེ་དབང་ཁག་ཐེག་ཐོ་འགོད་བྱས་ཟིན་པ་རྣམས་བསྐྱར་དུ་ཐོ་འགོད་བྱེད་མི་དགོས་པར་འབྲེལ་ཡོད་སྡེ་ཚན་གྱིས་ཆ་འཕྲིན་ཉར་འཇོག་དང་གྲངས་གཞི་རྩིས་སྤྲོད་སོགས་ཀྱི་འབྲེལ་མཐུད་ལས་དོན་ཡག་པོ་བསྒྲུབས་ན་འགྲིག་པའི་གཏན་འབེབས་བྱས་པ་རེད།

  
style="display:none;"