མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ཕུན་སུམ་ཚོགས་
པོའི་ངང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 12ཚེས་18ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ཕྱིར་ལོག་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་མ་དཔེ་འཁྱེར་ནས་བདེ་འཇགས་ངང་བབས་པ། ཀྲུང་གོའི་ཟླ་དཔྱད་ འདུ་འགོད་ཀྱི“ཟླ་སྐོར་དང་། ཟླ་བབས། ཕྱིར་ལོག་པ”བཅས་གོམ་སྟབས་གསུམ་གྱི་འཆར་འགོད་དུས་བཀག་ལྟར་ལེགས་གྲུབ་བྱུང་བ།
ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བར་རྟེན་འབྲེལ་ཞུས་པ།
                                                                                  རྟེན་འབྲེལ་གློག་འཕྲིན།
    ཟླ་དཔྱད་འདུ་འགོད་ཀྱི་ལས་འགན་བཀོད་འདོམས་པུའུ་དང་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ།
    ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་དགའ་སྤྲོའི་ངང་ཐོས་བྱུང་། ངས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཁྱེད་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུ་རྒྱུ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུ་རྒྱུ་ཡིན།
   ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ནི་རང་རྒྱལ་གྱི་རྙོག་འཛིང་ཆེ་ཤོས་དང་ལག་རྩལ་བར་བརྒལ་ཆེ་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་མ་ལག་གི་འདུ་འགོད་ཅིག་ཡིན་པའི་ངོས་ནས། རང་རྒྱལ་གྱིས་སའི་གོ་ལའི་ཕྱི་རོལ་གྱི་བར་སྣང་ཁམས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། འདི་ནི་རྒྱལ་ཡོངས་ཤུགས་སྒྲིལ་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་འདོན་སྤེལ་གྱིས་འགག་སྒྲོལ་དཀའ་སེལ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་མིའི་རིགས་ཀྱིས་ཟླ་བའི་གོ་ལ་གྲུབ་རྐྱེན་དང་ཉི་མའི་ཁྱིམ་རྒྱུད་རིམ་འགྱུར་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་མཚོན་ཡོད། ཁྱེད་ཚོའི་གཟེངས་སུ་ཐོན་པའི་མཛད་རྗེས་མེས་རྒྱལ་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད།
   མིའི་རིགས་ཀྱིས་བར་སྣང་འཚོལ་ཞིབ་བྱེད་པའི་གོམ་སྟབས་ནམ་ཡང་མཚམས་འཇོག་མི་སྲིད། ཁྱེད་ཚོས་ཕུགས་འདུན་དོན་གཉེར་དང་། འཚོལ་ཞིབ་བྱེད་ཕོད་པ། མཉམ་ལས་འགག་སྒྲོལ། མཉམ་ལས་གཉིས་ཕན་བཅས་ཀྱི་ཟླ་དཔྱད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། གོམ་པ་རེར་རྐང་རྗེས་རེ་བཞག་སྟེ་སྐར་ཁྱིམ་ལ་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་། མིའི་རིགས་ཀྱིས་ཞི་བདེའི་ངང་བར་སྣང་བེད་སྤྱོད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་གསར་འབྱེད་རང་བཞིན་གྱི་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
                                                                                                                                                                      ཞི་ཅིན་ཕིང་།
                                                                                                                                                             2020ལོའི་ཟླ་12ཚེས་17ཉིན།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་17ཉིན་གྱི་ཆུ་ཚོད་དང་པོ་དང་སྐར་མ་59ཡི་ཐོག ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ཕྱིར་ལོག་འཕྲུལ་ཆས་ཀྱིས་ཟླ་བའི་གོ་ལའི་མ་དཔེ་འཁྱེར་ནས་ནང་སོག་སི་ཙི་ཝང་ཆིའི་སྔོན་གཏན་འཁེལ་བའི་ས་ཁོངས་སུ་བདེ་འཇགས་ངང་བབས་པ་དང་། ཟླ་དཔྱད་འདུ་འགོད་ཀྱི་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་ཟླ་དཔྱད་འདུ་འགོད་ལས་འགན་བཀོད་འདོམས་པུའུ་དང་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ནང་ཞུགས་མཁན་བློ་མཐུན་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
   རྟེན་འབྲེལ་གློག་འཕྲིན་ནང་ཞི་ཅིན་ཕིང་གིས། ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་དེ་རང་རྒྱལ་གྱི་རྙོག་འཛིང་ཆེ་ཤོས་དང་ལག་རྩལ་བར་བརྒལ་ཆེ་ཤོས་ཀྱི་འཇིག་རྟེན་འཕུར་སྐྱོད་མ་ལག་གི་འདུ་འགོད་ཅིག་ཡིན་པའི་ངོས་ནས། རང་རྒྱལ་གྱིས་སའི་གོ་ལའི་ཕྱི་རོལ་གྱི་བར་སྣང་ཁམས་ནས་མ་དཔེ་བླངས་ཏེ་ཕྱིར་ལོག་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། འདི་ནི་རྒྱལ་ཡོངས་ཤུགས་སྒྲིལ་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་འདོན་སྤེལ་གྱིས་འགག་སྒྲོལ་དཀའ་སེལ་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད། དེ་ཐོག་ནས་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་མིའི་རིགས་ཀྱིས་ཟླ་བའི་གོ་ལ་གྲུབ་རྐྱེན་དང་ཉི་མའི་ཁྱིམ་རྒྱུད་རིམ་འགྱུར་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་ངོས་འཛིན་ཟབ་ཏུ་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་པ་མཚོན་ཡོད། ཁྱེད་ཚོའི་གཟེངས་སུ་ཐོན་པའི་མཛད་རྗེས་མེས་རྒྱལ་དང་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་བསྟན་གནང་ཡོད་པ་རེད།
    ཞི་ཅིན་ཕིང་གིས། མིའི་རིགས་ཀྱིས་བར་སྣང་འཚོལ་ཞིབ་བྱེད་པའི་གོམ་སྟབས་ནམ་ཡང་མཚམས་འཇོག་མི་སྲིད། ཁྱེད་ཚོས་ཕུགས་འདུན་དོན་གཉེར་དང་། འཚོལ་ཞིབ་བྱེད་ཕོད་པ། མཉམ་སྒྲུབ་འགག་སྒྲོལ། མཉམ་ལས་གཉིས་ཕན་བཅས་ཀྱི་ཟླ་དཔྱད་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས། གོམ་པ་རེར་རྐང་རྗེས་རེ་བཞག་སྟེ་སྐར་ཁྱིམ་ལ་འཚོལ་ཞིབ་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་བཏོད་དེ། འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་། མིའི་རིགས་ཀྱིས་ཞི་བདེའི་ངང་བར་སྣང་བེད་སྤྱོད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་གསར་འབྱེད་རང་བཞིན་གྱི་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།
   རྒྱལ་དོན་ཨུ་ཡོན་ཝང་ཡུང་གིས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ཚོད་འཛིན་ལྟེ་གནས་ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་འཕུར་སྐྱོད་ཚོད་འཛིན་བྱ་ཡུལ་དུ་ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
   ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན་གྱི་ལས་འགན་ནང་། རང་རྒྱལ་གྱིས་ཐེངས་དང་པོར་ཟླ་ངོས་ཀྱི་མ་དཔེ་འཚོལ་བསྡུ་ཐུམ་སྒྲིལ་དང་། ཟླ་ངོས་ནས་འཕུར་སྐྱོད་བྱེད་པ། ཟླ་བའི་གོ་ལའི་འཁོར་ལམ་ཐོག་འཛོམས་ནས་སྦྲེལ་མཐུད་ཐུབ་པ། མ་དཔེ་ཁྱེར་ནས་ཕྱིར་ལོག་བྱེད་པ་སོགས་ཀྱི་ཐད་ཚད་བརྒལ་ཆེན་པོ་བྱུང་ཞིང་། དེ་བདེ་བླག་ངང་སྒྲུབ་ཐུབ་པ་ལས་རང་རྒྱལ་གྱི་ཟླ་དཔྱད་འདུ་འགོད་ཀྱི“ཟླ་སྐོར་དང་། ཟླ་བབས། ཕྱིར་ལོག་པ”བཅས་གོམ་སྟབས་གསུམ་གྱི་འཆར་འགོད་དུས་བཀག་ལྟར་ལེགས་གྲུབ་བྱུང་བ་མཚོན་ཡོད་པ་རེད།

  
style="display:none;"