མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིས་ཕན་ཚུན་འཕྲིན་ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 01ཚེས་06ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་ཧྥེར་ནན་ཏེ་སིས་ཕན་ཚུན་འཕྲིན་ཡིག་སྤྲིངས་ཏེ་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་རིམས་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
   ཞི་ཅིན་ཕིང་གིས། སྐུ་ཞབས་ཙུང་ཐུང་གིས་ལས་འགན་བཞེས་ཚུན་ང་ཚོས་ཕན་ཚུན་ཞལ་པར་བཏང་བ་མ་ཟད། འཕྲིན་ཡིག་ཐེངས་མང་སྤྲིངས་ཏེ་ཀྲུང་ཨའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་རིམས་འགོག་ལ་ཤུགས་སྣོན་རྒྱག་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ཡོད། ཏོག་གསར་གློ་ཚད་རིམས་ནད་ནི་འཛམ་གླིང་ཧྲིལ་པོར་འཕྲད་པའི་ཚོད་བགམ་དྲག་པོ་ཞིག་རེད། ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རིམས་ནད་ཐོན་སྐབས་ཕྱར་བ་གྲུ་འདེགས་དང་ཕན་ཚུན་ལྟ་རེས་སྐྱོང་རེས་བྱས་པས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རིམས་འགོག་འཐབ་རྩོད་ཁྲོད་ཟབ་ཏུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཀྱི་མཉམ་ལས་ལ་ཤུགས་སྣོན་དང་། མུ་མཐུད་ཨ་ཀེན་ཐིན་ཕྱོགས་ཀྱི་རིམས་འགོག་ཐད་ནུས་པས་ལྕོགས་ཚོད་ཀྱི་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མ་ཟད། ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་བཏང་སྟེ་ཀྲུང་ཨའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་ཁྲིད་སྟོན་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
   ཧྥེར་ནན་ཏེ་སིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དང་ཀྲུང་གོའི་རིམས་འགོག་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་སྦྲགས་ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་ལ་རིམས་འགོག་ཐད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཧྥེར་ནན་ཏེ་སིས་རིམས་ནད་ཀྱི་རྡབ་རྡེག་འཕྲད་སྐབས་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་ཏེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་གཞོལ་དགོས། ཀྲུང་གོས་དུས་བཀག་ནང་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལེགས་སྒྲུབ་བྱས་པ་མ་ཟད། ཚན་རྩལ་ཁྱབ་ཁོངས་ཐད་གྲུབ་འབྲས་གལ་ཆེན་ཐོབ་སྟེ་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད་ལ། མིའི་རིགས་ཡོངས་ལའང་ཕན་པ་ཐོབ་ཡོད། ཨ་ཀྲུང་གཉིས་ཀས་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་དབར་གྱི་སྐད་ཆ་ཤོད་རེས་ལ་རྒྱབ་སྐྱོར་དང་། ས་ཁོངས་ཀྱི་སྐད་ཆ་ཤོད་རེས་ལ་ཤུགས་སྣོན། ཞི་མཐུན་གྱི་འཕེལ་རྒྱས་མངོན་འགྱུར་ཡོང་བ་བཅས་བྱེད་ཀྱི་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་གཉིས་པོ་ཕན་ཚུན་འབྲེལ་མཐུད་དང་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་རྒྱུར་ཕན་ཐོགས་ཡོད་པ་དང་། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཨ་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"