མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་སོ་སོ་དང་ཞལ་པར་
ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་27ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་2ཚེས་25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་ཞུ་རེས་གནང་བ་མ་ཟད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་སྨོན་འདུན་བཟང་པོའང་ཞུས་པ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འགན་ཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མུ་མཐུད་མཐོན་པོར་བསྒྲེངས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞུང་དྲང་དྲང་བདེན་དང་།
    གྲོས་མོལ་མཉམ་ལས། སྒོ་དབྱེ་བསྟུན་མཁས་བཅས་མཐའ་འཁྱོངས་བྱ་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཏོག་གསར་གློ་ཚད་རིམས་ནད་ལས་སྔ་ཙམ་རྣམ་པར་རྒྱལ་བ་དང་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་དགོས་ངེས་རེད། ཀྲུང་གོ་ཕྱོགས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་50ལྷག་ཙམ་ལ་ཏོག་གསར་རིམས་འགོག་སྨན་ཁབ་རོགས་སྐྱོར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་རིམས་འགོག་མཉམ་ལས་ཁྲོད་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་དང་། “གོ་ལ་ཧྲིལ་པོ་མཉམ་ལས་ཀྱིས་ཏོག་གསར་གློ་ཚད་སྔོན་འགོག་དང་ཚོད་འཛིན་གྱི་ཡོ་ཆས་གསར་པ་གང་མགྱོགས་གསར་སྤེལ་དང་། ཐོན་སྐྱེད། འདྲ་མཉམ་ངང་རག་པ”བཅས་བྱ་རྒྱུའི་གྲོས་འགོ་དང“ཏོག་གསར་རིམས་འགོག་སྨན་ཁབ་ཀྱི་ལག་བསྟར་འཆར་གཞིའི”ནང་མཉམ་དུ་ཧུར་ཐག་ཞུགས་རྒྱུའི་འབད་བརྩོན་བྱེད་འདོད་ཡོད། ཀྲུང་གོས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་བུ་ལོན་ནར་འགྱངས་ཀྱི་གྲོས་འགོ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་བུ་ལོན་ནར་འགྱངས་ཐད་ཀྱི་ཕྱོགས་ཁག་གི་བསམ་འཆར་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་ཆབས་ཅིག ཕྱོགས་མང་དངུལ་རྩའི་སྒྲིག་གཞི་དང་ཚོང་ལས་བུན་བདག་མཉམ་དུ་ཞུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཕྱོགས་ཁག་གིས་ཨ་ཧྥེ་རི་ཁར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་མཐོང་བྱུང་བས་ཧྥ་རན་སེ་དང་འབྲེལ་མཐུད་རྒྱུན་འཁྱོངས་བྱེད་འདོད་ཡོད། ང་ཚོས་རྒྱལ་ཁབ་དེ་བས་མང་བ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ནང་ཞུགས་པ་དང་དོན་འཁྱོལ་བྱ་རྒྱུར་སྐུལ་སློང་དང《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པ་ཡག་པོ་འཚོག་རྒྱུར་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས།
   མཱ་ཁེ་ལུང་གིས་ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་བར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁའི་བུ་ལོན་ཉུང་གཏོང་དང་ནར་འགྱངས་དང་ཨ་ཧྥེ་རི་ཁའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་བཏང་སྟེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྤྱི་པའི་འཕྲོད་བསྟེན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐད་མུ་མཐུད་མཉམ་ལས་དམ་ཟབ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་བདེ་བླག་ངང་འཚོག་རྒྱུར་ཧྥ་རན་སེ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།
    རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་དུང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་བསམ་འཆར་བརྗེ་རེས་ཀྱང་གནང་བ་རེད།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཟླ་2ཚེས་25ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་ཧུར་ཐག་བཏོད་དེ་ཁོ་ལོམ་པི་ཡར་མཉམ་ལས་ཀྱི་གོ་སྐབས་གསར་པ་མཁོ་འདོན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་ཀྲུང་ཁོའི་འབྲེལ་བར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་ཆེད་སྐུལ་འདེད་གཏོང་རྒྱུའི་འབད་བརྩོན་བྱེད་འདོད་ཡོད། ཕྱོགས་གཉིས་པོས་མུ་མཐུད་ཕན་ཚུན་རྒྱབ་སྐྱོར་གྱིས“རྒྱུད་གཅིག་ལམ་གཅིག”ཐུན་མོང་ཐོག་བསྐྲུན་པའི་གྲོས་འགོ་དང“ཁོ་ལོམ་པི་ཡ་དང་ཀྲུང་གོའི་གྲོས་འགོ”སྦྲེལ་མཐུད་ཡག་པོ་བྱས་ཏེ་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། གློག་འཕྲིན་སོགས་སྲོལ་རྒྱུན་གྱི་མཉམ་ལས་རྨང་གཞིའི་ཐོག་ཞིང་འབྲོག་ལས་དང་། ནུས་རྒྱུ་གསར་པ། གྲངས་འཛིན་དཔལ་འབྱོར། བསམ་བཀོད་ཐོན་ལས་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་སྐྱེད་ཧུར་ཐག་བཏང་ནས་རིག་གནས་དང་། སློབ་གསོ། ལུས་རྩལ། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་བྱེད་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཁོ་ལོམ་པི་ཡར་མ་འཇོག་ལས་དར་བྱེད་པར་བསྐྱོད་རྒྱུར་མུ་མཐུད་སྐུལ་མ་གཏོང་འདོད་ཡོད་ལ་ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡ་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད།
   ཏུའུ་ཁེས་ཀྲུང་གོའི་མི་དམངས་ལ་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་ཀྲུང་གོའི་མི་དམངས་རྣམས་དང་པོའི་བཅོ་ལྔའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་ཤིང་། ཏུའུ་ཁེས་ཀྲུང་གོ་ཕྱོགས་ཀྱིས་ཁོ་ལོམ་པི་ཡས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་གལ་ཆེན་མཁོ་འདོན་དང་། ལྷག་པར་དུ་ཀྲུང་གོ་ཕྱོགས་ཀྱིས་མཁོ་འདོན་བྱས་པའི་རིམས་འགོག་སྨན་ཁབ་ཀྱིས་ཚེ་སྲོག་འབོར་ཆེན་སྐྱོབ་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དེ་ཐོག་ནས་ཁོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་མོ་དང་ཕན་ཚུན་གྱི་ཡིད་ཆེས་ཆེན་པོ་མངོན་ཡོད། ཁོ་ལོམ་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་ཐད་ཀྱི་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།

  
style="display:none;"