མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་
བརྒྱད་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 02ཚེས་21ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་2ཚེས་19ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅོ་བརྒྱད་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བྱ་རྒྱུ་འདི་ཉིད་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པ་དང་འབྲེལ་བ་དམ་ཟབ་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་འཁེལ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ཏེ་དེ་བས་གནད་སྨིན་གྱི་སྒོ་ནས་སྒྱུར་བཅོས་ཀྱི་ཇུས་གཞི་བཏོན་ནས་སྒྱུར་བཅོས་དེ་བས་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་ཁྲོད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
   ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
   ཚོགས་འདུའི་ཐོག 《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2020ལོའི་ལས་དོན་གྱི་ཕྱོགས་སྡོམ་སྙན་སྒྲོན》དང《ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་2021ལོའི་ལས་དོན་གྱི་གཙོ་གནད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
   ཚོགས་འདུའི་ཐོག 《དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་སྙོམས་སྒྲིག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《རྫོང་མན་གྱི་བྱ་གཞག་ཚན་པས་དོ་དམ་ལས་གནས་ཀྱི་ལས་བྱེད་པའི་རིམ་པ་གནས་འཕར་ལམ་ལུགས་འཛུགས་རྒྱུའི་སྐོར་གྱི་བསམ་འཆར》《སྨན་རྫས་ལྟ་འདོམས་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》 《སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《“ཡུལ་གྱི་གཤེད་མའི”གནད་དོན་ལ་རྒྱུན་མཐུད་དོགས་ཟོན་དང་བཅོས་སྒྲིག་བྱེད་རྒྱུའི་སྐོར་གྱི་བསམ་འཆར》 《གཏུག་བཤེར་འདུམ་འགྲིག་ལ་ཤུགས་སྣོན་བརྒྱབ་ནས་འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
   ཚོགས་འདུའི་ཐོག་བསྟན་དོན། འདས་ཟིན་པའི་ལོ་གཅིག་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་སྟངས་འཛིན་གཏིང་ཟབ་གནང་སྟེ་སྒྱུར་བཅོས་ཀྱི་ཚད་བརྒལ་དང་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་སྒྱུར་བཅོས་འདི་ཉིད་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ལ་བརྩིས་ཏེ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་དུ་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུ་དེ་ཉིད“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་ལེགས་གྲུབ་བྱེད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ལེན་པ་བཅས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། ཉེན་ཁ་སྔོན་འགོག་དང་། རྨང་གཞི་འདིང་བ། དམངས་འཚོར་ཕན་འདོགས་པ། ཕུགས་ལ་ཕན་པ་བཅས་ཀྱི་སྒྱུར་བཅོས་ཁག་དང་གཅིག་གྱུར་ནུས་ལྡན་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། དེ་བས་གཏིང་ཟབ་པའི་སྒྱུར་བཅོས་དང་དེ་བས་ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་ཉེན་ཁ་དང་འགྲན་སློང་གི་རྡབ་རྡེག་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་འཕེལ་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པའི་ཁྲོད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་འགག་རྩའི་ནུས་པ་འདོན་སྤེལ་བྱས་ཏེ་ཆུ་ཚད་མཐོ་བའི་རང་སྟོབས་རང་འཕེལ་མངོན་འགྱུར་ཡོང་བར་དམིགས་ནས་སྒྱུར་བཅོས་ཟབ་གཏོང་བྱས་ཏེ་ཏང་གིས་ཚན་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་བཀོད་སྒྲིག་དང་། གཙོ་རྒྱུ་བཀོད་སྒྲིག ཤེས་ལྡན་པའི་དཔུང་ཁག་མ་ལག་ཅན་དང་མཉམ་ལས་ཅན་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་ཀྱི་སྒྲིག་སྲོལ་དཔེ་གསར་གྱི་ལེགས་ཆ་འདོན་པ། ཚན་རྩལ་གྱི་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་རྐྱེན་ངན་པ་དང་ཚོད་འཛིན་བཟོ་བའི་སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མཐའ་གཅིག་ཏུ་མེད་པ་བཟོ་བ། གཙོ་གནད་ཁྱབ་ཁོངས་ཀྱི་གནད་འགག་ཆེ་བའི་ལག་རྩལ་གང་མགྱོགས་འགག་སྒྲོལ་བྱེད་པ། ནུས་ལྡན་ངང་ཐོན་ལས་ཀྱི་འཇུར་མིག་ལས་ཚད་བརྒལ་བྱེད་པ། གསར་གཏོད་འཕེལ་རྒྱས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བཅས་བྱེད་དགོས། དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཡོང་བར་དམིགས་ཏེ་སྒྱུར་བཅོས་ཟབ་གཏོང་བྱས་ནས་འདྲ་མཉམ་འགྲན་རྩོད་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་དབང་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བར་བྱེད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། དེང་རབས་འཁོར་རྒྱུག་མ་ལག་འཛུགས་པ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེ་མོ་འཛུགས་སྐྲུན་བྱེད་པ་སོགས་ཐད་དེ་བས་དམིགས་སའི་རང་བཞིན་ལྡན་པའི་སྒྱུར་བཅོས་ཀྱི་བྱ་ཐབས་འདོན་པ། སྒྱུར་བཅོས་ཁག་མཉམ་འདྲེས་ཤར་གཏོང་དང་ཆ་ལག་ཚང་ཞིང་ཕྱོགས་བསྡུས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ནང་མཁོ་རྒྱ་ཆེར་གཏོང་རྒྱུར་དམིགས་ནས་སྒྱུར་བཅོས་ཟབ་གཏོང་བྱས་ཏེ་ནང་མཁོའི་མ་ལག་མགྱོགས་མྱུར་སྐྱེད་སྲིང་དང་ཆ་ཚང་དུ་གཏོང་བ་དང་། ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། མི་ལྟེ་བར་འཛིན་པའི་རྣམ་གསར་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ས་ཞིང་ལམ་ལུགས་དང་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སླར་ཡང་བཀོད་སྒྲིག་དང་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ཕྱུག་པོ་ཆགས་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་དམིགས་ཏེ་སྒྱུར་བཅོས་ཟབ་གཏོང་བྱས་ནས་ཚོང་ཟོག་དང་། ཞབས་ཞུ། མ་དངུལ། ཤེས་ལྡན་པ་སོགས་གཙོ་རྒྱུ་འཁོར་རྒྱུག་རང་བཞིན་གྱི་སྒོ་དབྱེ་བྱེད་ཟབ་ཏུ་གཏོང་བ་དང་། སྒྲིག་སྲོལ་དང་། སྒྲིག་ལམ། དོ་དམ། ཚད་གཞི་སོགས་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བརྟན་པོ་གཏོང་བ། ཁྲོམ་རར་ཞུགས་འཐུས་དང་ལྟ་འདོམས་དང་། ཐོན་དབང་སྲུང་སྐྱོང་། ཡིད་རྟོན་མ་ལག་སོགས་ཐད་ཀྱི་བཅའ་ཁྲིམས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མགྱོགས་མྱུར་གཏོད་པ་བཅས་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་གྱི་སྒྲིག་སྲོལ་གསར་པ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྒྱུར་བཅོས་ཟབ་གཏོང་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། རང་བྱུང་ཐོན་ཁུངས་དང་རྒྱུ་ནོར་བདག་དབང་གི་ལམ་ལུགས་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་ཀྱི་རིན་གོང་སྒྲུབ་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་དང་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། 2030ལོའི་གོང་དུ་ཐཱན་འབུད་ཚད་ཉུང་ཤོས་སུ་སླེབས་པའི་བྱ་སྤྱོད་ཀྱི་ཇུས་གཞི་སྤྱི་འདོམས་ངང་བཟོས་ནས་ཐོན་ཁུངས་བེད་སྤྱོད་ནུས་ལྡན་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ནན་པོ། དྲོད་ཁང་གི་རླངས་འབུད་ཚོད་འཛིན་ནུས་ལྡན་བཅས་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་དོན་གཉེར་བྱས་ཏེ་རང་རྒྱལ་གྱི་ལྗང་མདོག་འཕེལ་རྒྱས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་དགོས།
   ཚོགས་འདུའི་ཐོག་བསྟན་དོན། སྒྱུར་བཅོས་ཆ་ལག་ཚང་ཞིང་ཕྱོགས་བསྡུས་ཡོང་བར་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་དགོས་པ་སྟེ། གཅིག་ནས་མ་ལག་གི་འདུ་ཤེས་ཡོད་དགོས་ཤིང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་བ་ལོན་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་བ་དང་། རང་འགུལ་ངང་འགྱུར་ལྡོག་ལ་ངོས་འཛིན་བྱེད་པ་དང་། འགྱུར་ལྡོག་གཏོང་བ། འགྱུར་ལྡོག་ལ་ཁ་གཏད་འཇལ་བ་བཅས་བྱེད་པ། སྤྱི་ཡོངས་ཀྱི་མིག་རྒྱང་དང་མ་ལག་གི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་སྲིད་ཇུས་དང་། འཕེལ་རིམ། ཕན་འབྲས་བཅས་ལ་སྤྱི་འདོམས་བྱེད་པར་ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཀྱི་སྤྱི་ཡོངས་ཀྱི་ཕན་ནུས་འདོན་པ་བཅས་བྱེད་དགོས། གཉིས་ནས་རྩོད་སྒྲུབ་ཀྱི་བསམ་གཞིག་ཡོད་དགོས་ཤིང་། ཕྱོགས་གཉིས་སྨྲ་བ་དང་གཙོ་གནད་སྨྲ་བ་གཉིས་གཅིག་གྱུར་ཡོང་བ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་བཀོད་པ་གསར་པ་འཛུགས་པར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་བཟོ་བའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ། གཙོ་གནད་ཐོག་ཚད་བརྒལ་དང་སྣེ་ཁྲིད་བྱས་ནས་སྒྱུར་བཅོས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གསུམ་ནས་གསར་གཏོད་ཀྱི་འདུ་ཤེས་ཡོད་དགོས་ཤིང་། སྒྱུར་བཅོས་ཀྱི་མ་ལག་ཕྱོགས་བསྡུས་བྱེད་པར་ཁག་གཅིག་ལ་ཀྲུང་དབྱང་གི་རིམ་ངོས་ནས་སྤྱི་འདོམས་བྱེད་ཤུགས་ཆེ་རུ་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས་སྤྱི་ཡོངས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཁག་གཅིག་ལ་ས་གནས་དང་གཞི་རིམ་ནས་སྔོན་ལ་ཚད་བརྒལ་དང་སྔོན་ལ་རྣམ་པ་ཆགས་པ་བྱེད་དགོས་པས་དོན་དངོས་གནས་ཚུལ་ལ་གཞིགས་ནས་སྐུལ་འདེད་གཏོང་དགོས། བཞི་ནས་གཟེར་འདེབས་སྙིང་སྟོབས་ལྡན་དགོས་ཤིང་། སྒྱུར་བཅོས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཞིབ་ཕྲ་དང་། ལམ་ལུགས་འཛུགས་སྐྱོང་གི་གཙོ་རྐང་དེར་དམ་འཛིན་ཡག་པོ་བྱས་ཏེ། སྔར་ཡོད་ཀྱི་ལམ་ལུགས་ཀྱི་རྨང་གཞིའི་ཐོག་མུ་མཐུད་ཤུགས་སྣོན་རྒྱག་དགོས་ལ། ད་ཡོད་ཀྱི་ལམ་ལུགས་ཀྱི་སྒྲོམ་གཞིའི་འོག་དེ་བས་ཀྱང་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱི་འགལ་རྐྱེན་སེལ་བ་དང་ལམ་ལུགས་ལག་བསྟར་ལ་དམ་འཛིན་ཡག་པོ་བྱས་ནས་དོན་དངོས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།
   ཚོགས་འདུའི་ཐོག་ནན་བཤད་གནང་དོན། དམངས་འཚོའི་ཚོང་ཟོག་གལ་ཆེན་གྱི་རིན་གོང་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། གཞི་རྩའི་དམངས་འཚོ་དང་འབྲེལ་བ་ཡོད་པའི་ཚོང་ཟོག་གལ་ཆེན་ལ་དམིགས་པ། ཐོན་སྐྱེད་དང་། འཁོར་རྒྱུག འཛད་སྤྱོད་སོགས་ཀྱི་ལྷུ་ཚིགས་མང་པོ་བདེ་བགྲོད་ཡོང་རྒྱུར་དམ་པོར་དམིགས་པ། སྲིད་གཞུང་དང་། ཁྲོམ་ར། སྤྱི་ཚོགས་སོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། དཔལ་འབྱོར་དང་། བཅའ་ཁྲིམས། སྲིད་འཛིན་སོགས་བྱེད་ཐབས་མང་པོ་སྤྱོད་པ། རིན་གོང་སྙོམས་སྒྲིག་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་སྤྲོད་ནུས་ལྡན་དང་རིན་གོང་སྤྱི་ཡོངས་བརྟན་པོ་ཡོང་བའི་འགན་ལེན་ནུས་ལྡན་བྱེད་དགོས།
   ཚོགས་འདུའི་ཐོག་བསྟན་དོན། ད་ཐེངས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་སྐབས་གཞུང་བཙུགས་སྨན་ཁང་གིས་འཕྲལ་མཁོ་ཆེ་ཤོས་དང་། ཉེན་ཁ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས་བཅས་ཀྱི་སྨན་བཅོས་སྲོག་སྐྱོབ་ལས་འགན་ཁུར་བ་དང་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ཡོད། གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མི་དམངས་ཀྱི་བདེ་ཐང་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤྱི་ཕན་རང་བཞིན་མཐའ་འཁྱོངས། སྨན་བཅོས་དང་འགོག་སྲུང་མཉམ་འདྲེས་དང་། ཞི་ལྷོད་དང་དོས་དྲག་ཟུང་འབྲེལ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་འཛིན་བཅས་མཐའ་འཁྱོངས། དེང་རབས་སྨན་ཁང་གི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ། མ་ལག་གསར་གཏོད་དང་། ལག་རྩལ་གསར་གཏོད། རྣམ་པ་གསར་གཏོད། དོ་དམ་གསར་གཏོད་བཅས་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤོང་ཆེར་གཏོང་བ་དང་ས་ཁོངས་དོ་སྙོམས་བཀོད་པ་མགྱོགས་སུ་གཏོང་བ་བཅས་བྱས་ནས་སྤུས་ལེགས་ནུས་ཆེའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་དེ་བས་མཁོ་འདོན་ཡག་པོ་བྱེད་པ་དང་། རིམས་ནད་གལ་ཆེན་དང་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་ཉེན་ཁ་དོགས་ཟོན་དང་སེལ་བ། བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་བཅས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རྫོང་རིམ་པ་མན་གྱི་བྱ་གཞག་ཚན་པར་དོ་དམ་ལས་གནས་ཀྱི་ལས་བྱེད་པའི་རིམ་པ་སྤོར་བའི་ལམ་ལུགས་འཛུགས་རྒྱུ་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར་ཏང་གིས་ལས་བྱེད་པ་དང་ཤེས་ལྡན་མི་སྣར་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་བྱ་གཞག་ཚན་པའི་ལས་བྱེད་པའི་དཔུང་ཁག་འཛུགས་རྒྱུར་དམིགས་པ། ད་ཡོད་ཀྱི་ལས་བྱེད་པའི་རིམ་པར་འགྱུར་ལྡོག་གཏོང་བ་བཅས་བྱས་ཏེ་རྫོང་རིམ་པ་མན་གྱི་བྱ་གཞག་ཚན་པའི་ལས་བྱེད་པའི་རིམ་པ་དང་ལས་གནས་ཀྱི་རིམ་པ་འོས་འཚམ་ངང་སོ་སོར་དབྱེ་བ་དང་། ཀུན་སྤྱོད་དང་། འཇོན་ཐང་། བྱང་ཚད། མི་སྒེར་གྱི་བསླབ་པ། ལས་ཀའི་ལས་རྗེས་དངོས་བཅས་གཙོ་བོ་མཚོན་པའི་རིམ་སྤོར་ལམ་ལུགས་འཛུགས་པ། རྫོང་རིམ་པ་མན་གྱི་བྱ་གཞག་ཚན་པའི་དོ་དམ་མི་སྣའི་ལས་རིགས་ཀྱི་འཕེལ་རྒྱས་བར་མཐོངས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
   ཚོགས་འདུའི་ཐོག་བསྟན་དོན། སྨན་རྫས་ལྟ་འདོམས་ནུས་པ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པར་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིབ་བཤེར་དཔྱད་མོལ་དང་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་གཏོང་བ། ལྟ་འདོམས་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལྟ་འདོམས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པ་དང་། ཕན་ནུས་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྨན་རྫས་ལྟ་འདོམས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྨན་རྫས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས། ད་ཐེངས་རིམས་འགོག་གི་ཉམས་མྱོང་དང་བྱ་ཐབས་ལ་གོ་རིམ་ལྡན་པའི་སྒོ་ནས་ཕྱོགས་སྡོམ་བྱེད་པ་དང་ཐོལ་བྱུང་གི་་དམིགས་བསལ་ཚབས་ཆེན་གྱི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཁྲོད་ཀྱི་ཞིབ་བཤེར་ཚད་ལེན་དང་། མ་ལག་ཞིབ་བསྡུར། ཞིབ་བཤེར་དཔྱད་མོལ་དང་ཞིབ་མཆན་འགོད་པ། ལྟ་ཞིབ་ཚད་ལེན་དང་གདེང་འཇོག འཕྲལ་སྡོམ་བེད་སྤྱོད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་སྨན་རྫས་ལྟ་འདོམས་ཀྱི་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་གཏོང་དགོས།
    ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་ལམ་སྲོལ་འཛུགས་པར་འགག་རྩ་ནི་རི་སྔོན་ཆུ་དྭངས་གསེར་རི་དངུལ་རིར་སྒྱུར་བའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་གཏོད་རྒྱུ་དེ་ཡིན། སྔོན་ལ་སྲུང་སྐྱོང་དང་ལུགས་མཐུན་བེད་སྤྱོད་མཐའ་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་བློས་གཏོང་གིས་གནས་སྐབས་རིང་ས་ཕྱོགས་གཅིག་གི་དཔལ་འབྱོར་འཕར་ཐབས་བྱེད་པའི་བྱེད་སྟངས་རྦད་དེ་འདོར་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་མཁན་ལ་ཕན་པ་ཐོབ་པ་དང་། བེད་སྤྱོད་གཏོང་མཁན་གྱིས་རིན་པ་སྤྲོད་པ། གཏོར་བཤིག་གཏོང་མཁན་གྱིས་གུན་གསབ་སྤྲོད་པའི་ཁེ་ཕན་གྱི་སྟོན་ཕྱོགས་ལམ་སྲོལ་འཛུགས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་། ཁེ་ལས་དང་སྤྱི་ཚོགས་ལས་རིགས་ཁག་ཞུགས་པ། ཁྲོམ་ར་ཅན་གྱི་བཀོལ་སྤྱོད། རྒྱུན་མཐུད་ཐུབ་པའི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་པའི་ཐབས་ལམ་འཚོལ་ཞིབ་བཅས་བྱས་ཏེ་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་ལ་སྐུལ་འདེད་གཏོང་དགོས།
    ཚོགས་འདུའི་ཐོག་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ནང“གྲོང་གཤེད”སོགས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དང་བྱ་ཐབས་ནུས་ལྡན་ངང་ཕྱོགས་སྡོམ་དང་བསྡུ་ལེན་བྱས་ཏེ་རྡུང་རྡེག་དང་འཛུགས་སྐྱོང་གལ་ཆེ་མཉམ་དུ་འཛིན་པ་དང་རྩ་ལག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམ་ཁག་ཏང་ཨུད་དང་ལྷག་དོན་དུ་རྫོང་དང་ཤང་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། རྩ་འཛུགས་ཐོག་ནས“གྲོང་གཤེད”གནད་དོན་ལ་དོགས་ཟོན་དང་བཅོས་སྒྲིག་གི་ཕུགས་ཕན་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་བདེ་འཇགས་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས།
    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ཁྲིམས་སྐྱོང་འཛུགས་སྐྱོང་བྱེད་པར་གཅིག་ནས་མཇུག་སྣེར་དམ་འཛིན་དང་སྐྱོན་ཆ་ཡོ་བསྲང་བྱེད་དགོས་པ་དང་། གཉིས་ནས་མདུན་སྣེར་དམ་འཛིན་དང་སྐྱོན་མ་བྱུང་གོང་ནས་སྔོན་འགོག་བྱེད་དགོས། ད་དུང་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ་གཏུག་བཤེར་མིན་པའི་རྩོད་གཞི་ཐག་གཅོད་ལམ་སྲོལ་སྔོན་དུ་འཇོག་པ་དང་། ཁྲིམས་སྐྱོང་སྟོབས་ཤུགས་དེ་བས་མང་བ་ཁྲིད་སྟོན་དང་གསེད་བཀྲོལ་ཕྱོགས་སུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། འགལ་ཟླ་དང་རྩོད་གཞི་འབྱུང་རྩ་ནས་སྔོན་འགོག་དང་། མདུན་སྣེ་ནས་སེལ་བ། འགག་རྩ་ནས་ཚོད་འཛིན་བཅས་ལ་ཤུགས་སྣོན་རྒྱག་པ། སྔོན་འགོག་རང་བཞིན་གྱི་བཅའ་ཁྲིམས་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། འབྱུང་རྩ་ནས་གཏུག་བཤེར་གྲངས་འབོར་ཉུང་དུ་གཏོང་བ་བཅས་བྱེད་དགོས།
   ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

  
style="display:none;"