མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 04ཚེས་02ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ● ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གསར་པ་བཏོན་པ་དང་། ཁྲལ་རིན་གཉིས་གཅོག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལེགས་སྒྲིག་སོགས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་བཀོད་སྒྲིག་བྱས་པ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་31ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་རུ་གཏོང་རྒྱུར་དམིགས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་བྱེད་ཐབས་གསར་པ་བཏོན་པ་དང་། ཁྲལ་རིན་གཉིས་གཅོག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལེགས་སྒྲིག་སོགས་ཀྱི་དཔྱ་ཁྲལ་ཆག་ཡང་གཏོང་བའི་སྲིད་ཇུས་བཀོད་སྒྲིག་བྱས་པ་རེད།
   ཚོགས་འདུའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། “བརྟན་པོ་དྲུག”གི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ངེས་པར་དུ་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་ངང་དབྱེ་ཞིབ་བྱེད་པ་དང་། རིག་པ་དྭངས་གསལ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། “འགན་ལེན”གྱི་བྱེད་ཐབས་སྔར་བས་བརྟན་དུ་གཏོང་བ། “བརྟན་ལྷིང”གི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་བརྟན་པོའི་ངང་འཁོར་སྐྱོད་དང་སྤུས་མཐོ་ཕན་ཆེ་ཡོང་བར་སྐུལ་འདེད་གཏོང་དགོས།
   ཚོགས་འདུའི་ཐོག་ཁྲོམ་རའི་བྱེད་པོའི་གསོན་ཤུགས་དེ་བས་འཕེལ་བ་དང་ལས་ཞུགས་བརྟན་པོ་དང་དམངས་འཚོ་འགན་ལེན་ལ་སྐུལ་འདེད་གཏོང་བར་དམིགས་ནས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་བྱེད་ཐབས་གཏན་འཁེལ་བྱས་པ་སྟེ། གཅིག་ནི་ལས་ཞུགས་ཀྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་། འཇུག་འཐུས་རིགས་ཀྱི་ལས་རིགས་ཐོབ་ཐང་གྲངས་འབོར་ཉུང་དུ་བཏང་ནས་སྤྱི་ཚོགས་ཅན་གྱི་ལས་རིགས་རྩལ་ནུས་ཀྱི་རིམ་པ་གཏན་འཁེལ་ལ་སྐུལ་འདེད་གཏོང་རྒྱུ། ལས་ཞུགས་ཀྱི་རྣམ་པ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ། སྟབས་བསྟུན་ལས་ཞུགས་ལས་རིགས་ཀྱི་ལས་རྨས་འགན་ལེན་ཚོད་ལྟར་སྐུལ་འདེད་གཏོང་བ་དང་ལས་རྨས་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་ནས་སྟབས་བསྟུན་ལས་ཞུགས་མི་སྣའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུ། གཉིས་ནི་ཁེ་ལས་དང་འབྲེལ་བའི་ཞིབ་མཆན་གྱི་ལྷུ་ཚིགས་དང་། དཔྱད་གཞིའི་ཡིག་ཆ། དུས་བཅད། གྲོན་དངུལ་བཅས་ཉུང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ། ཚོང་རྟགས་ཀྱི་ཁེ་བེད་བདག་ཐོབ་ཐོ་འགོད་རེ་ཞུའི་བརྒྱུད་རིམ་ཧྲིལ་པོ་གློག་རྡུལ་ཅན་མགྱོགས་སུ་གཏོང་རྒྱུ། ཁྲིམས་སྲུང་དང་སྒྲིག་སྲོལ་དང་མཐུན་པའི་ཁེ་ལས་དང་ཉེན་ཁ་ཆུང་བའི་ཚོང་ཟོག་འགག་སྒོ་ནས་ཞིབ་བཤེར་བྱེད་ཚད་ཉུང་དུ་གཏོང་རྒྱུ། གྲུ་ཁའི་གྲོན་དངུལ་བསྡུ་ཚད་ཉུང་དུ་གཏོང་རྒྱུ། གསུམ་ནི་ནང་མཁོ་རྒྱ་ཆེར་གཏོང་བར་རྒྱབ་སྐྱོར་བྱ་རྒྱུ། སྒྲིག་འགལ་ངང་བཙུགས་པའི་རླངས་འཁོར་རྙིང་པ་བསྡུ་བའི་ཚད་གཞི་གཙང་སེལ་བྱ་རྒྱུ་དང་ཡུལ་སྐོར་དང་ཁྱིམ་ཚང་མགྲོན་ཁང་སོགས་ཁྲོམ་རའི་འཇུག་འཐུས་ལུགས་མཐུན་ངང་ལྷུག་ཏུ་གཏོང་རྒྱུ། བཞི་ནི་དམངས་འཚོའི་ཞབས་ཞུ་མཁོ་སྤྲོད་ལེགས་སུ་གཏོང་རྒྱུ། དམངས་འཚོ་དང་འབྲེལ་བའི་ཞབས་ཞུའི་བྱ་བ་དེ་བས་མང་པོ“ཞིང་ཆེན་གཞན་ནས་མཉམ་གཉེར”ལ་སྐུལ་འདེད་གཏོང་རྒྱུ། རྒན་གསོའི་སྒྲིག་གཞི་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་འདྲེན་ནུས་ཆེ་རུ་གཏོང་བ་དང་འཁོར་སྐྱོད་ཚོང་གཉེར་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་རྒྱུ། ལྔ་ནི་གཞུང་དྲང་ལྟ་འདོམས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ། གློད་སྡོམ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་གཞུང་དྲང་ལྟ་འདོམས་བྱ་རྒྱུ་དེ་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་ཀྱི་དགོས་ངེས་ཀྱི་འགན་ལེན་ལ་བརྩིས་ནས་སྡེ་ཚན་གྱི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་དང་། ལྟ་འདོམས་ཀྱི་སྒྲིག་སྲོལ་དང་ཚད་གཞི་འཐུས་སྒོ་ཚང་དུ་གཏོང་བ། སྲིད་འཛིན་ཉུང་གཏོང་དབང་ཆའི་ཚད་གཞིའི་ལམ་ལུགས་འཛུགས་པ། བྱ་བ་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་གསར་གཏོད་དང་དེར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མང་ཚོགས་དང་འབྲེལ་བ་ཡོད་པའི་ཚེ་སྲོག་བདེ་ཐང་དང་སྤྱི་པའི་བདེ་འཇགས་ལ་ལྟ་འདོམས་ནན་པོ་བྱེད་རྒྱུ། སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གསོན་ཤུགས་འཕེལ་ཐུབ་པ་དང་། གཞུང་དྲང་ངང་དོ་དམ་ཐུབ་པ། ཞབས་ཞུའི་ཐད་ཕན་འབྲས་ཐོན་པ་བྱ་རྒྱུ་བཅས་རེད།
   ཚོགས་འདུའི་ཐོག་འདི་ལོ་དུས་མཚམས་རང་བཞིན་གྱི་སྲིད་ཇུས་ཁ་ཤས་ལེགས་སྒྲིག་བྱེད་པ་དང་ཆབས་ཅིག་བསྒྲུབ་རྒྱུ་བྲེལ་བ་མི་བྱེད་པར། དལ་བའི་བྱེད་ཐབས་སྤྱད་དེ་ཁྲོམ་རའི་བྱེད་པོ་སླར་གསོ་ཡོང་བར་རོགས་རམ་བྱས་ནས་དཔལ་འབྱོར་སླར་གསོའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ་བསྟན་ཡོད། ཚོགས་འདུའི་ཐོག་ཕྲན་ཚེགས་ཁེ་ལས་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་བཅས་ལ་སྔར་བས་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་གཏན་འཁེལ་བྱས་པ་སྟེ། གཅིག་ནི་ཕྲན་ཚེགས་ཁེ་ལས་ཀྱི་ཐོབ་ཁྲལ་གཟིགས་སྐྱོང་ཆེ་རུ་གཏོང་བ་དང་ཆབས་ཅིག་ཁེར་རྐྱང་བཟོ་ཚོང་དུད་ཚང་གཟིགས་སྐྱོང་སྲིད་ཇུས་ཁྱབ་ཁོངས་ནང་འཇོག་རྒྱུ་དང་། འདི་ལོའི་ཟླ་1ཚེས་1ཉིན་ནས་ཕྱི་ལོའི་ལོ་མཇུག་བར་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་བཅས་ཀྱིས་ལོར་འཇལ་དགོས་པའི་ཐོབ་ཁྲལ་བསྡོམས་འབོར་སྒོར་ཁྲི་100མ་ཟིན་པའི་ཆ་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་གཟིགས་སྐྱོང་སྲིད་ཇུས་ཀྱི་རྨང་གཞིའི་ཐོག་བསྡུ་བའི་ཐོབ་ཁྲལ་སླར་ཡང་ཕྱེད་ཀ་བཅག་ནས་ཁྲལ་གྱི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུ་དང་། གཉིས་ནི་འདི་ལོའི་ཟླ་4ཚེས་1ཉིན་ནས་ཕྱི་ལོའི་ལོ་མཇུག་བར་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་སོགས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་མཁན་གྱི་གནས་ཐང་འཕར་ཁྲལ་བསྡུ་ཚད་དེ་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཟླ་རེའི་བྲིན་ཚོང་བསྡོམས་འབོར་སྒོར་ཁྲི་10ནས་སྒོར་ཁྲི་15བར་མཐོ་རུ་གཏོང་རྒྱུ། གསུམ་ནི་འདི་ལོའི་ཟླ་4ཚེས་1ཉིན་ནས་བཟུང་སྐྱེལ་འདྲེན་སྒྲིག་ཆས་དང་།
   གློག་རླངས་འཕྲུལ་ཆས། བརྟག་དཔྱད་ཡོ་ཆས། གསོ་རིག་སྨན་རྫས། རྫས་འགྱུར་འཚི་སྣ་སོགས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁེ་ལས་ཀྱི་གནས་ཐང་འཕར་ཁྲལ་གྱི་གཞི་འཇོག་ཁྲལ་སློག་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་བཞག་སྟེ། ཟླ་རེ་བཞིན་འབོར་འཕར་གཞི་འཇོག་ཁྲལ་འབོར་ཆ་ཚང་ཕྱིར་སློག་ལག་བསྟར་བྱ་རྒྱུ་བཅས་རེད། གོང་གསལ་གྱི་སྲིད་ཇུས་ཐོག་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་བཏོན་ནས་སྔོན་རྩིས་བྱས་ན་ལོ་ཧྲིལ་པོར་གསར་འཕར་ཁྲལ་གཅོག་སྒོར་དུང་ཕྱུར་5500ལས་བརྒལ་རྒྱུ་རེད། ཚོགས་འདུའི་ཐོག་ཁྲལ་གཅོག་སྲིད་ཇུས་དོན་འཁྱོལ་བྱས་ཏེ་མིང་སྣ་ཚོགས་ལ་ཁ་གཡར་ནས་གྲོན་དངུལ་གང་བྱུང་བསྡུ་བའི་དབང་གིས་ཁེ་ལས་ཀྱི་ཁུར་པོ་ལྕི་རུ་འགྲོ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཚོགས་འདུའི་ཐོག་གཞུང་དྲང་ཀུན་ཕན་གྱི་སྲིད་ཇུས་དང་སྒྱུར་བཅོས་བྱེད་ཐབས་མང་ཙམ་སྤྱད་དེ་ཁྲོམ་རའི་བྱེད་པོར་ཕན་པ་དེ་བས་མང་བ་ཐོབ་པ་བྱས་ཏེ། གསོན་ཤུགས་འཕེལ་བ་བྱེད་པ་དང་ཆབས་ཅིག་ས་གནས་ལ་ནོར་སྲིད་ཡོང་འབབ་སྤྱད་དེ་སྲིད་གཞུང་གི་འདེགས་ཤིང་ཚད་གཞི་སླར་གསོའི་རང་བཞིན་ངང་འཕར་བ་དང་ལུགས་མཐུན་ངང་དམའ་རུ་གཏོང་བ་དང་། མུན་འཐོམས་ཀྱི་བྱེད་ཐབས་འདོན་རྒྱུ་བཀག་འགོག ནོར་སྲིད་ཀྱི་རྒྱུན་མཐུད་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
   ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

  
style="display:none;"