མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་
ཡིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 05ཚེས་08ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་6ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་གཉེར་བ་དེས་གོ་ལ་ཧྲིལ་པོའི་འཛད་རྫས་སྤུས་དག་འགྲེམས་སྟོན་གྱི་ཉོ་ཚོང་ལས་སྟེགས་ཤིག་མཁོ་འདོན་བྱས་ཏེ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོའི་ཁྲོམ་རའི་གོ་སྐབས་མཉམ་སྤྱོད་ཐུབ་རྒྱུར་ཕན་པ་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་དང་འཕར་རྒྱུར་ཕན་པ་ཡོད་ལ། ཀྲུང་གོས་འཛམ་གླིང་ལ་དེ་བས་སྤུས་དག་གི་འཛད་རྫས་མཁོ་འདོན་བྱ་རྒྱུར་ཡང་ཕན་པ་ཡོད་པས་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་ལས་རིགས་ཁག་གི་མི་སྣས་སྤེལ་རེས་གཏིང་ཟབ་དང་མཉམ་ལས་མཉམ་གཉེར་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་བ་རེད།
    ཞི་ཅིན་ཕིང་གིས། ཀྲུང་གོས་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་ཤོས་ཀྱི་སྒོ་དབྱེའི་སྲིད་ཇུས་ཚོད་ལྟ་བྱེད་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཕྱོགས་གཉིས་དང་། ཕྱོགས་མང་། ས་ཁོངས་བཅས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཁག་དང་མཉམ་དུ་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
    ཚེས་6ཉིན་ཀྲུང་གོའི་རྒྱལ་སྤྱིའི་འཛད་རྫས་དངོས་མང་སྟོན་ཚོགས་སྐབས་དང་པོ་ཧའེ་ནན་ཞིང་ཆེན་ཧའེ་ཁའུ་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། དེ་ནི་ཚོང་དོན་པུའུ་དང་ཧའེ་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐུན་མོང་ཐོག་གཉེར་བ་ཞིག་ཡིན་པ་དང་། འགྲེམས་སྟོན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་8ཡོད་པ། རྒྱལ་ཁབ་ཕྱི་ནང་གི་རྒྱལ་ཁབ་དང་ས་ཁུལ་70ཙམ་ནས་ཡོང་བའི་ཁེ་ལས་1500ཙམ་འགྲེམས་སྟོན་ནང་ཞུགས་ཡོད་པ་རེད།

  
style="display:none;"