མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་བཏང་ནས་དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་ཟོན་དང་སེལ་བའི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ།
ལི་ཁེ་ཆང་དང་། དབང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲེང་བཅས་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་19ཉིན། 12:48】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་པ་གཙོ་སྐྱོང་གནང་སྟེ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་གནད་དོན་ལ་ཞིབ་འཇུག་དང་།
     དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་ཟོན་དང་སེལ་རྒྱུ་དང་དངུལ་རྩ་བརྟན་པོའི་ངང་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གནད་དོན་ལ་ཞིབ་འཇུག་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཐུན་མོང་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་དང་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རིང་ཐུན་མོང་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། དངུལ་རྩ་ནི་དེང་རབས་དཔལ་འབྱོར་གྱི་སྲོག་ཤིང་ཡིན་ཞིང་། འཕེལ་རྒྱས་དང་བདེ་འཇགས་དང་འབྲེལ་བ་ཡོད་པས། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་ཟོན་དང་སེལ་བའི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ཧན་ཀྲེང་བཅས་ཚོགས་འདུར་ཞུགས་པ་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐུན་མོང་ཕྱུག་འགྱུར་ནི་མི་དམངས་ཡོངས་ཕྱུག་འགྱུར་དང་། མི་དམངས་མང་ཚོགས་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་ཕྱུག་འགྱུར་ཡིན་པ་ལས། མི་ཉུང་ཤས་ཀྱི་ཕྱུག་འགྱུར་མིན་ལ་གྲ་སྒྲིག་གཅིག་གྱུར་གྱི་ཆ་སྙོམས་རིང་ལུགས་ཀྱང་མིན་པས་དུས་མཚམས་དབྱེ་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། ལས་བརྩོན་གསར་གཏོད་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བའི་བསྔགས་སྐུལ་བྱེད་དགོས་ཤིང་། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་དམངས་ཀྱི་སློབ་གསོ་དང་ལེན་ཐུབ་ཚད་མཐོ་རུ་གཏོང་བ་དང་འཕེལ་རྒྱས་གཏོང་ནུས་ཆེ་རུ་བཏང་ནས་ཀུན་ཕན་དྲང་གཞག་གིས་དེ་བས་ཡག་པའི་ཆ་རྐྱེན་སྐྲུན་པ། ཡར་རྒྱས་འགྲོ་ལམ་ཤར་བགྲོད་ཐུབ་པར་བྱེད་པ། མི་དེ་བས་མང་བར་ཕྱུག་འགྱུར་གྱི་གོ་སྐབས་སྐྲུན་པ་བཅས་བྱས་ཏེ། མི་ཚང་མ་ཞུགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཅིག་སྐྲུན་དགོས། གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ལ་གཞི་ཚུགས་པ་དང་། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་བྱེད་པ། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་ཚོགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མི་ཁག་གཅིག་སྔོན་ལ་ཕྱུག་པོ་ཆགས་པ་བྱས་ཏེ་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་སུ་ཕྱུག་པོ་ཆགས་མཁན་ལ་སྣེ་ཁྲིད་དང་རོགས་རམ་བྱེད་པ་བཅས་བྱས་ནས་དཀའ་སྤྱད་ངལ་རྩོལ་དང་། ཁྲིམས་མཐུན་གཉེར་སྐྱོང་། ལས་གཏོད་ཕོད་པ་བཅས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་དམིགས་སུ་བཀར་ནས་མངགས་སྐུལ་བྱེད་དགོས། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་བྱེད་དགོས་ཤིང་། ཚན་རིག་དང་མཐུན་པའི་སྤྱི་པའི་སྲིད་ཇུས་མ་ལག་བཙུགས་ཏེ་མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ལུགས་མཐུན་གྱི་བགོ་བཤའ་རྒྱག་སྟངས་ཤིག་ཆགས་པར་བྱེད་དགོས། དུས་མཚུངས་སུ་དགོས་མཁོ་དང་ཡོང་ཤས་ཆེ་བ་སྤྱི་འདོམས་བྱས་ཏེ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་དང་ནོར་ཤུགས་རྒྱུན་མཐུད་ཐུབ་པར་བྱེད་པའི་རྨང་གཞིའི་ཐོག་བསྒྲུབས་ནས། རྨང་གཞིའི་རང་བཞིན་དང་། ཀུན་ཕན་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འགན་ལེན་འཛུགས་སྐྱོང་ལས་དོན་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་རྒྱག་དགོས། གོམ་པ་རིམ་སྤོས་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་ཡུན་རིང་རང་བཞིན་དང་། དཀའ་ཚེགས་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལྡན་པ་ཞིག་ཡིན་པར་ཚོད་དཔག་གང་ལེགས་ཐུབ་པ་བྱས་ཏེ། ས་གནས་ཁག་ལ་ཡུལ་བབ་དང་བསྟུན་ནས་ཐབས་ལམ་ནུས་ལྡན་འཚོལ་ཞིབ་དང་ཉམས་མྱོང་ཕྱོགས་སྡོམ་བྱ་རྒྱུའི་མངགས་སྐུལ་བྱས་ནས་རིམ་བཞིན་སྤེལ་དགོས།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། བསྟུན་མཁས་རང་བཞིན་བཅས་ཆེ་རུ་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ས་ཁོངས་འཕེལ་རྒྱས་ཀྱི་དོ་སྙོམས་རང་བཞིན་ཆེ་རུ་གཏོང་བ། ལས་རིགས་འཕེལ་རྒྱས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བཅས་བྱེད་དགོས། ཡོང་འབབ་འབྲིང་བའི་མི་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་གཙོ་གནད་དམ་འཛིན་དང་གནད་སྨིན་ཇུས་འདོན་བྱས་ནས། ཡོང་འབབ་དམའ་བའི་མི་ཚོགས་དེ་བས་མང་བ་ཡོང་འབབ་འབྲིང་བའི་མི་ཚོགས་ཀྱི་གྲས་སུ་ཚུད་རྒྱུར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཀུན་ཕན་རང་བཞིན་གྱི་མི་ཤུགས་དང་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། རྒན་གསོ་དང་སྨན་བཅོས་འགན་ལེན་མ་ལག་དང་། ཐ་སྐྱོང་རོགས་སྐྱོབ་མ་ལག སྡོད་ཁང་མཁོ་སྤྲོད་དང་འགན་སྲུང་མ་ལག་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། ཡོང་འབབ་མཐོ་རིགས་ཚད་ལྡན་དང་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་ཁྲིམས་མཐུན་ཡོང་འབབ་སྲུང་སྐྱོང་བྱེད་པ། ཡོང་འབབ་མཐོ་དྲགས་པའི་སྣང་ཚུལ་ལུགས་མཐུན་ངང་ལེགས་སྒྲིག་བྱེད་པ། ཡོང་འབབ་མཐོ་བའི་མི་ཚོགས་དང་ཁེ་ལས་སྔར་བས་མང་བར་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུའི་སྐུལ་མ་གཏོང་དགོས། ལུགས་དང་མི་མཐུན་པའི་ཡོང་འབབ་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ཡོང་འབབ་བགོ་བཤའི་སྒྲིག་ལམ་དག་ཐེར་བྱས་ནས་ཁྲིམས་དང་མི་མཐུན་པའི་ཡོང་འབབ་སེམས་ཐག་གཙང་བཅད་ཀྱིས་མེད་པ་བཟོ་དགོས། ཐོན་དབང་དང་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་དང་། ཁྲིམས་མཐུན་ཕྱུག་འགྱུར་ལ་སྲུང་སྐྱོང་བྱས་ཏེ་རིགས་ཁག་གི་མ་རྩ་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མི་དམངས་ཀྱི་བསམ་པའི་འཚོ་བ་ཐུན་མོང་ཐོག་ཕུན་སུམ་ཚོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། བང་རིམ་མང་བ། ཕྱོགས་ཁག་ཚང་མ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས། ཐུན་མོང་ཕྱུག་འགྱུར་གྱི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས། ཞིང་པ་དང་གྲོང་གསེབ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གྲོང་གསེབ་དར་རྒྱས་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱེད་དགོས།
     ཚོགས་འདུའི་ཐོག དཔལ་འབྱོར་དང་དངུལ་རྩ་སྤྱི་ཡོངས་ནས་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་རྩ་དོན་ལ་བརྩི་སྲུང་ཞུས་ཏེ། དངུལ་རྩའི་ཉམས་ཉེན་ཚབས་ཆེན་འགོག་ཟོན་དང་སེལ་བའི་ལས་དོན་སྤྱི་འདོམས་ཀྱིས་ཡག་པོ་སྒྲུབ་དགོས་པ་དང་། དངུལ་རྩ་བརྟན་པོ་ཡོང་བའི་རྨང་གཞི་བརྟན་དུ་གཏོང་བ་དང་། འཕར་སྣོན་བརྟན་པོ་ཡོང་བ་དང་ཉེན་ཁ་སྔོན་འགོག་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་སྲ་བརྟན་དུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་ནས་མ་ལག་རང་བཞིན་གྱི་དངུལ་རྩའི་ཉམས་ཉེན་སེལ་བ་བཅས་བྱས་ཏེ། ཁྱབ་ཁོངས་གཞན་དག་གི་ཉེན་ཁ་ཐག་གཅོད་བྱེད་པའི་བརྒྱུད་རིམ་ནང་ཞོར་ཐོན་དངུལ་རྩའི་ཉམས་ཉེན་མ་ཐོན་སྔོན་འགོག་བྱེད་དགོས། ས་གནས་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དོན་འཁྱོལ་དང་ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས། ལམ་སྲོལ་ཤར་གཏོང་ཐུབ་པ་དང་། འགན་འཁྲི་ཁ་གསལ་བཟོ་བ། ལས་བགོས་གཞོགས་འདེགས་བྱེད་པ། མཉམ་ཤུགས་ཆགས་པ་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།

  
style="display:none;"