མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་ནག་ཆུར་ཕེབས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་22ཉིན། 13:04】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     མི་དམངས་དྲ་བའི་འཕྲིན། འདི་ག་ཚགས་པར་ཁང་དུ་ནག་ཆུ་ནས་ཟླ་8ཚེས་20ཉིན་གློག་འཕྲིན་འབྱོར་གསལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་སྨོན་འདུན་བཟང་པོ་བསྣམས་ཏེ། ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་དབང་དབྱང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ཕེབས་ནས་ནག་ཆུའི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་ཡང་གནང་བ་རེད།
     རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཀྲང་ཆིང་ལི་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་མེའོ་ཧྭ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་བཅས་གཟིགས་པར་ལྷན་དུ་ཕེབས་ཡོད་པ་རེད།
     རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝུའུ་དབྱིང་ཅེ་དང་། ཀྲོང་ཡན། ཀྲང་ཞུའེ་ཅེ། བསྟན་ཁོ། ལིའུ་ཅང་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།
     ཚེས་20ཉིན་གྱི་ཞོགས་པ་སྔ་པོ་ནས་དབང་དབྱང་དང་བཅས་པ་མེ་འཁོར་ལ་བཞུགས་ཏེ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ཕེབས་ཤིང་། མེ་འཁོར་ནས་བབས་མ་ཐག་ཀྲུང་དབྱང་སྐུ་ཚབ་ཚོགས་པ་རླངས་འཁོར་ལ་བཞུགས་ཏེ་གསེར་རྙེད་ཆུས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་ཕེབས་གནང་བ་དང་། དབང་དབྱང་དྲོད་ཁང་ཆེ་མོའི་ནང་ཕེབས་ནས་རྟེན་གཞིའི་རིག་ནུས་གཟན་རྩྭ་འདེབས་འཛུགས་དང་འབྲིའི་དཀར་ཆུའི་ཐོན་རྫས་ཀྱི་སྲོལ་རྒྱུན་ལས་སྣོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། རྟེན་གཞིས་ཞིང་འབྲོག་པའི་ལས་ཞུགས་ལ་སྐུལ་ཁྲིད་དང་ས་གནས་དེ་གའི་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད།
     བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་བཞུགས་རིང་དབང་དབྱང་སོགས་ཀྱིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་མི་དང་ཐུག་འཕྲད་གནང་ནས་ཚང་མ་དང་དྲན་རྟེན་སྐུ་པར་བསྐྱོན་པ་དང་འབྲེལ་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་ཡང་གནང་སྟེ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་བྱམས་བརྩེའི་འཚམས་འདྲི་ཞུས་པ་རེད།
     དབང་དབྱང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་བོད་ལྗོངས་ནག་ཆུར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བར་ཁས་ལེན་གནང་ཞིང་། ཁོང་གིས་བོད་ལྗོངས་ནག་ཆུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཡག་པོ་དང་གོ་བ་གཏིང་ཟབ་ལེན་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ནག་ཆུ་གསར་པ་འཛུགས་སྐྲུན་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
     དབང་དབྱང་གིས་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལས་དོན་ལ་གཟིགས་ཞིབ་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་དམིགས་སར་འཁྱོལ་བར་བྱེད་པར་རྒྱ་ཆེའི་གཞི་རིམ་ལས་བྱེད་པས་ལས་དོན་འབོར་ཆེན་སྒྲུབས་དགོས་པ་དང་ཁ་འབྲལ་ཐབས་མེད་པས། ཚང་མས་མུ་མཐུད་འབད་བརྩོན་བྱས་ཏེ་ཕ་ཡུལ་དེ་བས་མཛེས་སྡུག་ལྡན་པ་ཞིག་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། དབང་དབྱང་འབྲོག་པ་ཕུར་བུ་ཚེ་རིང་གི་ཁྱིམ་དུ་ཕེབས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པས་གནང་བའི་དྲན་རྟེན་དངོས་པོར་གཟིགས་པ་རེད། ཁོང་ཚོ་སྒོ་རྩ་ནས་ལས་ཞུགས་ཐུབ་སྟེ་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོད་པ་གསན་སྐབས་དབང་དབྱང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་ཚོར་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་མུ་མཐུད་གཏོད་དགོས་པའི་སྐུལ་ལྕག་གནང་བ་རེད།
     གསེར་རྙེད་ཆུས་སུ་གནས་པའི་ཧང་ཅ་སློབ་འབྲིང་ནི་2017ལོར་བསྐྲུན་པ་དང་། སློབ་གྲྭ་དེ་ནི་ཀྲེ་ཅང་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་གསུམ་པའི”བོད་སྐྱོར་འཆར་འགོད་ཁྲོད་ཀྱི་རྣམ་གྲངས་རྐྱང་པ་ཆེ་ཤོས་དེ་རེད། ད་ཆ་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་2000ལྷག་ཙམ་ཡོད་པ་དང་སློབ་དུས་གསར་པ་སློབ་འགོ་ཚུགས་ཡོད། དབང་དབྱང་དེ་གར་ཕེབས་ནས་སློབ་གསོའི་བོད་སྐྱོར་ལས་དོན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་བོད་ཀྱི་སློབ་གསོའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཕྲུ་གུ་དེ་བས་མང་བ་འཚར་ལོངས་དང་འཇོན་ཐང་ཅན་ལ་འགྱུར་རྒྱུའི་ཐུགས་རེ་གནང་བ་རེད།
     ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཉེ་བའི་ལོ་ཤས་རིང་ལེའོ་ཉིང་ཞིང་ཆེན་གྱིས་མངགས་པའི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་མི་སྣ་ཁག་ལྔ་བསུས་པས་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དབང་དབྱང་སྨན་ཁང་གི་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་སུ་ཕེབས་ནས་སྨན་ཁང་གི་གཞི་རྩའི་གནས་ཚུལ་དང་བོད་སྐྱོར་ལས་དོན་གྱི་འཕེལ་རིམ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བོད་སྐྱོར་སྨན་དོན་མི་སྣས་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། ཁོང་ཚོས་མུ་མཐུད་བྱ་སྤྱོད་སྤེལ་ནས་སྨན་པའི་བྱམས་སེམས་མཚོན་པར་བྱས་ཏེ་ས་མཐོའི་མི་དམངས་ལ་བདེ་ཐང་དང་བདེ་སྐྱིད་དེ་བས་མང་བ་སྦྱིན་རྒྱུའི་སྐུལ་ལྕག་གནང་བ་རེད།
     དབང་དབྱང་གིས་ད་དུང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་བའི་ཚན་རྩལ་ཤིང་འཛུགས་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་ཞིང་། ཅིང་བོད་རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་ནག་ཆུ་ནས་ཡངས་པ་ཅན་བར་གྱི་ལམ་དུམ་ལ་རླངས་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་པ་དང་འབྲེལ་གཞུང་ལམ་ཤར་གཏོང་ཐུབ་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད། 

  
style="display:none;"