མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང་དེབ་གསུམ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཀ་ཏ་མན་རྡུར་འཚོགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་25ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཀ་ཏ་མན་རྡུ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་གྱི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དང་དེབ་གསུམ་པའི་དབྱིན་ཡིག་དཔར་མའི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ་ཚེས་23ཉིན་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུར་འཚོགས་པ་རེད། ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་། ནེ་པ་ལའི་ཙུང་ཐུང་ལས་ཤག ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་ཞིག་རེད།  
     ནེ་པ་ལའི་ཙུང་ཐུང་པན་ཏ་ལི་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ཧོང་ཁུན་མིང་གིས་བརྙན་ལམ་ཤིས་ཚིག་གསུངས་པ་རེད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཧོའུ་ཡན་ཆི་དང་ནེ་པ་ལ་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་ཞི་པཱ་ཐེ་ལ་དབྱི་སོགས་ལས་རིགས་ཁག་གི་མི་སྣ་ཉིན་དེའི་བྱེད་སྒོར་ཞུགས་པ་རེད།
     པན་ཏ་ལིས་ཤིས་ཚིག་གསུང་སྐབས། རྒྱལ་ཁབ་བཅོས་སྐྱོང་དང་དཔལ་འབྱོར་འཛུགས་སྐྲུན་ཐད་ཀྲུང་གོར་སྔར་བྱུང་མྱོང་མེད་པའི་གྲུབ་འབྲས་ཐོབ་པར་འཛམ་གླིང་གི་དོ་ཁུར་ཡོངས་ཁྱབ་ཐོབ་ཡོད། དེ་རིང་ང་ཚོས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་གྱི་པར་ཕུད་འགྲེམས་སྤེལ་བྱེད་སྒོ་གཉེར་བ་དང་ཀློག་པ་པོས་དཔེ་དེབ་དེ་ཀློག་སྐབས་ཉེ་བའི་ལོ་བཅུའི་རིང་ཀྲུང་གོར་ཐོབ་པའི་ངོ་མཚར་ཆེ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་པའི་རིགས་པའི་གཞུང་ལུགས་དང་། ཆབ་སྲིད་ཀྱི་ལྟ་བ། སྲིད་ཇུས་དང་མཛད་ཕྱོགས། དེ་བཞིན་གྲུབ་འབྲས་ཐོབ་པའི་ལག་ལེན་བཅས་ཤེས་རྟོགས་ཐུབ་རྒྱུའི་ཡིད་ཆེས་ཡོད། དབུལ་སྒྲོལ་འགག་སྒྲོལ་དང་བཅོས་སྐྱོང་ཐད་ཀྱི་ཀྲུང་གོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་གིས་ནེ་པ་ལ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་གསུངས་པ་རེད།
     ཧོང་ཁུན་མིང་གིས་ཤིས་ཚིག་གསུང་སྐབས། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དཔེ་དེབ་དེས་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཀློག་པ་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཚད་ལྡན་ཡིག་ཆ་གལ་ཆེན་མཁོ་འདོན་བྱས་ཡོད། དགོངས་པ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་ཡིན་ལ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཀྲུང་གོ་མི་དམངས་ཀྱི་འདུན་པ་མངོན་འགྱུར་བྱེད་པའི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་ཀྱང་ཡིན་པས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་བསྐྲུན་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་མཁོ་འདོན་བྱས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་བློ་གྲོས་སྐྱེས་སུ་ཕུལ་ཡོད། ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ཀྲུང་ནེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ནེའི་འཕེལ་རྒྱས་དང་དར་རྒྱས་ལ་ཕྱོགས་པའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།
     བྱེད་སྒོ་སྤེལ་ཡུལ་དུ། པན་ཏ་ལིས《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་གྱི་དེབ་གསར་ཞལ་ཁ་ཕྱེ་བ་དང་ཧོའུ་ཡན་ཆིས་ཀྲུང་གོ་ཕྱོགས་ཀྱི་ཚབ་ཞུས་ཏེ་ནེ་པ་ལ་ཕྱོགས་ཀྱི་སྐུ་མགྲོན་ལ་དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་དང་དེབ་གསུམ་པའི་དབྱིན་ཡིག་དཔར་མའི་དཔེ་དེབ་སྤྲད་གནང་བ་རེད།
     《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་ནེ་པ་ལའི་ཡིག་དཔར་དེ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་ནེ་པ་ལ་ཀྲུང་གོ་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་དུ་ཡིག་སྒྱུར་དཔེ་སྐྲུན་བྱས་ཤིང་། མིག་སྔའི་བར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་སྐད་རིགས་13ནས་ཡིག་སྒྱུར་དཔེ་སྐྲུན་བྱས་ཡོད། 

  
style="display:none;"