མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་15ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

འདི་ནི་ཟླ་10ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བཞིན་པ།

འདི་ནི་ཟླ་10ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་འཇར་མན་གྱི་ཙུང་ལི་མོ་ཁེར་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མོ་ཁེར་དང་བརྙན་ལམ་ཐོག་ནས་ཞལ་འཛོམས་གནང་བ་རེད། ཕྱོགས་གཉིས་པོས་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་ཉེ་བའི་ལོ་ཤས་རིང་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཕྱིར་དྲན་གནང་བ་དང་སྦྲགས། འབྲེལ་ཡོད་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་ཀྱང་གནང་བ་རེད།
   མོ་ཁེར་གྱིས་འགན་བཞེས་རིང་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཞི་ཅིན་ཕིང་གིས་གདེང་འཇོག་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན།“མི་དང་མིའི་དབར་ངོ་ཤེས་བྱུང་ཡང་འདྲིས་པོ་ཡོད་མེད་ལྟ་དགོས། འདྲིས་པོ་ཡོད་ཀྱང་སེམས་པ་མཐུན་མིན་ལྟ་དགོས”ཞེས་པའི་སྐད་ཆ་དེ་ནི་ངེད་ཚོས་ལོ་མང་རིང་འགྲོ་འོང་ཟབ་མོ་བྱས་པར་ཕྱོགས་སྡོམ་ཡག་པོ་བྱས་པ་ཞིག་ཡིན་ལ། འདས་ཟིན་པའི་ལོ་16ནང་ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བ་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་བ་ནི་ལ་རྒྱ་འཛིན་མཁན་ཞིག་ཡིན་པས་ང་ཚོས་གྲོགས་པོ་རྙིང་པ་གཏན་ནས་བརྗེད་མི་སྲིད་ལ། ཀྲུང་གོའི་སྒོ་མོ་ཡང་དུས་རྟག་ཏུ་ཁྱེད་ལ་འབྱེད་རྒྱུ་ཡིན། ཁྱེད་ཀྱིས་ཀྲུང་གོ་དང་འཇར་མན་དང་། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ང་ཚོས་ཕྱོགས་གཉིས་པོའི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སོགས་ཐད་སྤེལ་རེས་གཏིང་ཟབ་ཐེངས་མང་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད་ལ། ཀྲུང་འཇར་མཉམ་ལས་ཀྱིས་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད། ཀྲུང་གོ་དང་འཇར་མན་གྱིས་གཉིས་ཁེ་མཉམ་ལས་ཀྱི་སྙིང་སྟོབས་ཐོག་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གསབ་རེས་རང་བཞིན་འདོན་སྤེལ་བྱས་པས་མཐར་གཉིས་ཁེ་བྱུང་ཡོད། ཀྲུང་གོ་དང་འཇར་མན་གཉིས་ཀ་འཕེལ་རྒྱས་ཡག་པོ་བྱུང་ན་འཛམ་གླིང་གི་དཔལ་འབྱོར་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ། དེའི་ཐོག་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་རྒྱལ་ཕམ་འགྲན་འཛིང་མེད་པར་གཉིས་ཁེ་གཉིས་ཕན་ཡོང་ཐུབ་པ་ར་འཕྲོད་བྱུང་ཡོད། དེའང་ཀྲུང་གོ་དང་འཇར་མན་དབར་གྱི་འབྲེལ་བའི་ཐད་སྟངས་འཛིན་ནན་པོ་བྱེད་དགོས་པའི་དགོངས་གཞི་གཙོ་བོ་རེད། སང་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཇི་ལྟར་སོང་ནའང་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ལ་བསམ་བློ་གཏོང་བའི་ཐོག་ནས་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་ལྟ་སྟངས་འཛིན་གྱི་ཡོད། འཇར་མན་ཕྱོགས་དང་མཐོ་རིམ་འགྲོ་འོང་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཕན་ཚུན་བསམ་ཤེས་དང་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ། སྲོལ་རྒྱུན་ཁྱབ་ཁོངས་ཐད་མཉམ་ལས་བྱེད་པའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ། ནུས་རྒྱུ་ཕྱོགས་སྒྱུར་དང་། ལྗང་མདོག གྲངས་འཛིན་དཔལ་འབྱོར་སོགས་དངོས་སྒྲུབ་མཉམ་ལས་བྱེད་པའི་ཁྱབ་ཁོངས་གསར་པ་གསར་སྤེལ་ཧུར་ཐག་བྱེད་པ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད།
    ཞི་ཅིན་ཕིང་གིས་གསུངས་དོན། ཞི་བདེ་དང་འཕེལ་རྒྱས་དོན་གཉེར་བྱེད་པ་ནི་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་པོའི་ཐུན་མོང་གི་འདུན་པ་ཞིག་རེད། ཀྲུང་གོ་དང་ཡོ་རབ་གཉིས་ཀས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་རྒྱུའི་འདོད་ཚུལ་འཛིན་པ་དང་། གཉིས་ཀས་ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་རྒྱབ་སྐྱོར་བྱེད་པ། གཉིས་ཀས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཐུན་མོང་གི་ཁེ་ཕན་དེ་འགལ་བ་དང་མི་མཐུན་པ་ལས་གཙིགས་ཆེར་འཛིན་པ་བཅས་བྱེད་ཀྱི་ཡོད། མིག་སྔར་གོ་ལ་ཧྲིལ་པོས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་འགག་རྩའི་དུས་སྐབས་སུ་སླེབས་ཡོད། ཉིན་བཞིན་མང་དུ་འགྲོ་བའི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་དང་ཟམ་མི་ཆད་པར་མང་དུ་འགྲོ་བའི་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རང་བཞིན་གྱི་མདུན་དུ་གོ་ལ་ཧྲིལ་པོའི་སྟོབས་ཤུགས་གལ་ཆེན་གཉིས་ཡིན་པའི་ཀྲུང་གོ་དང་ཡོ་རོབ་ལ་མཉམ་ལས་བྱེད་ཟབ་ཏུ་གཏོང་བ་དང་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཁ་གཏད་གཅོག་པའི་འགན་འཁྲི་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཟུར་ཚད་ནས་ལྟ་སྟངས་འཛིན་པ་དང་། ཕྱི་རོལ་ཡུལ་དང་ཕྱོགས་ཡོངས་ཀྱི་ཐོག་ནས་ཕན་ཚུན་ཤེས་རྟོགས་བྱེད་པ། དཔྱོད་ཤེས་ཞི་འཇམ་དང་དགེ་མཚན་ལྡན་པའི་སྒོ་ནས་ཧེ་བག་དང་མི་མཐུན་ས་ཐག་གཅོད་བཅས་བྱེད་དགོས། ཡོ་རོབ་ཕྱོགས་ཀྱིས་རང་ཚུགས་རང་རྟེན་མཐའ་འཁྱོངས་བྱས་ནས་ཡོ་རོབ་མནའ་འབྲེལ་རང་ངོས་ཀྱི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་ལ་སྲུང་སྐྱོང་ངོ་མ་བྱས་ཏེ་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་དཀའ་གནད་སེལ་རྒྱུར་ཐུན་མོང་ཐོག་འབད་བརྩོན་བྱེད་རྒྱུའི་རེ་བ་ཡོད།
    མོ་ཁེར་གྱིས་གསུངས་དོན། ང་ཚོའི་དབར་གྱི་ལོ་བཅུ་ལྷག་ཙམ་རིང་གི་འགྲོ་འོང་ཚང་མ་ངར་བག་ཆགས་ཟབ་མོ་འདུག ང་ཚོས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་ལྷག་བསམ་རྣམ་དག་ངང་སྤེལ་རེས་གཏིང་ཟབ་བྱས་ནས་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་བཏང་བ་དང་འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དང་ཡོ་རོབ་དང་ཀྲུང་གོའི་དབར་གྱི་མཉམ་ལས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ངས་འཇར་མན་གྱི་ཙུང་ལིའི་འགན་འཁུར་རིང་ཀྲུང་གོ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་རྒྱལ་སྟོབས་སྔོན་མ་ལྟར་བསྡད་མེད་ལ། མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་མངོན་ཡོད། ཡོ་རོབ་མནའ་འབྲེལ་གྱིས་རང་ཚུགས་རང་བརྟེན་གྱི་སྒོ་ནས་ཀྲུང་གོ་དང་འབྲེལ་བ་འཕེལ་རྒྱས་གཏོང་བ་དང་། ཕྱོགས་གཉིས་དབར་གྱི་ཧེ་བག་དང་མི་མཐུན་པའི་གནད་དོན་ཐད་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་ཆོག་པའི་འདོད་ཚུལ་ཐོག་མཐའ་བར་གསུམ་དུ་འཛིན་གྱི་ཡོད། དེ་ལྟར་བྱས་ན་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ལས་ཁྱད་བསད་ཐུབ་ནས་མུ་མཐུད་འབྲེལ་བ་ཟབ་ཏུ་གཏོང་ཐུབ་པའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་ལ་འབད་བརྩོན་བྱས་པར་འཇར་མན་ཕྱོགས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཇར་མན་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡག་པོ་གཉེར་ནས་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་འདོད་ཡོད། ངས་འཇར་མན་དང་ཀྲུང་གོ་དང་། ཡོ་རོབ་དང་ཀྲུང་གོའི་དབར་གྱི་བསམ་ཤེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན།

  
style="display:none;"