མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 10ཚེས་28ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་26ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་རུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ན་ནིང་ནས་བཟུང་། ང་ཚོས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་དག་དོན་འཁྱོལ་ནུས་ལྡན་བྱེད་བཞིན་ཡོད་པ་དང་དེར་འཕེལ་རྒྱས་གལ་ཆེན་བྱུང་ཡོད། མིག་སྔར་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་མགྱོགས་པོ་འགྲོ་བཞིན་ཡོད་པས་ང་ཚོས་གྲོས་གཞི་གལ་ཆེན་ཐད་དུས་ཐོག་ཏུ་འབྲེལ་གཏུག་དང་མཐུན་སྦྱོར་བྱས་ཚེ་ཀྲུང་ཧྥའི་འབྲེལ་བར་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུར་ཕན་ཐོགས་ཡོད་ལ། འཛམ་གླིང་གི་དུས་བབ་ལ་བརྟན་ལྷིང་རང་བཞིན་དེ་བས་མང་བ་བསྣན་རྒྱུར་ཡང་ཕན་ཐོགས་ཡོད།
   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྥས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འབྲེལ་ཡོད་མཉམ་ལས་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་དང་། དམངས་སྤྱོད་ཉིང་རྡུལ་གྱི་ནུས་པ་དང་མཁའ་འགྲུལ་འཇིག་རྟེན་འཕུར་སྐྱོད་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་སྲ་བརྟན་དུ་གཏོང་བ། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་བཟོ། རྒྱ་མཚོ་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་མཉམ་ལས་མུ་མཐུད་སྤེལ་བ་དང་། ལྗང་མདོག་མཉམ་ལས་གཏིང་ཟབ་སྤེལ་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པ། ཨ་ཧྥེ་རི་ཁ་གླིང་སོགས་ས་ཁུལ་ལ་ཕྱོགས་པའི་ཕྱོགས་གསུམ་མཉམ་ལས་བཅས་བྱེད་འདོད་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་ད་དུང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཡག་པོ་གཉེར་དགོས།
    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེ་དུས་རྒྱལ་སྤྱིའི་ཐོག་ཐོན་པའི་དོན་ཆེན་འགའ་ཞིག་གི་ཐོག་ནས་ཧྥ་རན་སེ་ཕྱོགས་ཀྱིས་འཛིན་པའི་ཡོ་རོབ་མནའ་འབྲེལ་གྱི་འཐབ་ཇུས་རང་རྟེན་གྱི་འདོད་ཚུལ་དེ་ཡང་དག་ཡིན་པ་སླར་ཡང་གསལ་བཤད་བྱས་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱིས་མཐོ་རིམ་དབར་འབྲེལ་མཐུད་དང་སྐད་ཆ་ཤོད་རེས་ལ་བརྟེན་ནས་ཤེས་རྟོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གོ་ནོར་དང་ནོར་འཁྲུལ་ཉུང་དུ་གཏོང་བ། མི་མཐུན་པའི་ཆ་དོ་དམ་དང་ཚོད་འཛིན་འོས་འཚམ་བྱེད་པ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་བརྟན་པོའི་ངང་རྒྱང་རིང་གི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས། ཕྱོགས་གཉིས་པོས་ཀྲུང་གོ་དང་ཡོ་རོབ་དབར་གྱི་ཁེ་ལས་དང་མི་སེར་གྱི་དགོས་མཁོར་དམ་པོར་དམིགས་ནས་མཉམ་སྦྲེལ་མཉམ་མཐུད་དང་། གྲངས་འཛིན་ལག་རྩལ། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་། ཚན་རྩལ་གསར་གཏོད། སྨན་བཅོས་འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ཧྥ་རན་སེ་ཕྱོགས་ནས་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད།

  
style="display:none;"