མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་དང་དབྱི་སི་རལ་གྱི་ཙུང་ཐུང་ཧེར་ཙུའོ་ཀེས་ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་
ནས་ལོ་30འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 01ཚེས་26ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

   ལི་ཁེ་ཆང་དང་དབྱི་སི་རལ་གྱི་ཙུང་ལི་པེན་ནེ་ཐེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་24ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་དབྱི་སི་རལ་གྱི་ཙུང་ཐུང་ཧེར་ཙུའོ་ཀེས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
   ཞི་ཅིན་ཕིང་གིས་བསྟན་གནང་དོན། ཀྲུང་དབྱིའི་དབར་ཕྱི་འབྲེལ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། 2017ལོར་རྒྱལ་ཁབ་གཉིས་པོས་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ངས་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ཧེར་ཙུའོ་ཀེ་དང་ལྷན་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་གོ་སྐབས་སུ་བྱས་ཏེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་བྱེད་རྒྱ་ཆེ་རུ་གཏོང་བ། ཀྲུང་དབྱིའི་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།
   ཧེར་ཙུའོ་ཀེས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་། རྒྱལ་ཁབ་གཉིས་པོའི་དབར་གྱི་འགྲོ་འོང་ཉིན་བཞིན་ཟབ་ཏུ་ཕྱིན་པ་དང་ཕྱོགས་གཉིས་པོའི་འབྲེལ་བ་རྒྱུན་མཐུད་ངང་ཟབ་ཏུ་ཕྱིན་ཡོད། ཕྱོགས་གཉིས་པོའི་དཔལ་འབྱོར་དང་། ཞིང་ལས། འཕྲོད་བསྟེན། ཡུལ་སྐོར། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་པ་ཐོབ་ཡོད། ངས་དབྱི་ཀྲུང་གི་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་ལས་འགན་འཁུར་ཡུན་ནང་དབྱི་ཀྲུང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཐུབ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
   ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་དབྱི་སི་རལ་གྱི་ཙུང་ལི་པེན་ནེ་ཐེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་ཞིང་། ལི་ཁེ་ཆང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་དབྱི་ཕྱོགས་གཉིས་པོས་ཕན་འབྲས་ལྡན་པའི་གསར་གཏོད་མཉམ་ལས་བྱས་པར་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་རལ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་མཐའ་འཁྱོངས་ཀྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་ཀྲུང་དབྱིའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
    པེན་ནེ་ཐེས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་དང་ལྷག་པར་དུ་རྒྱལ་ཁབ་གཉིས་པོས་གསར་གཏོད་དང་ཕྱོགས་ཡོངས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་5སོང་རིང་ཕྱོགས་གཉིས་པོའི་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད། འབྱུང་འགྱུར་དབྱི་ཀྲུང་རྒྱལ་ཁབ་གཉིས་པོས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་བསྐྲུན་ཐུབ་རྒྱུར་ང་ལ་ཡིད་ཆེས་བརྟན་པོ་ཡོད།

  
style="display:none;"