མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 02ཚེས་27ཉིན། 09:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་2ཚེས་25ཉིན་གྱི་ཕྱི་དྲོ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
   ཞི་ཅིན་ཕིང་གིས་ཕུའུ་ཅིང་ཀྲུང་གོར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཕེབས་པར་སླར་ཡང་ཐུགས་རྗེ་ཆེ་ཞུས་པ་དང་། ཨུ་རུ་སུའི་ལུས་རྩལ་པར་བྱ་དགའི་རྟགས་མའི་བང་རིམ་ནང་ཨང་གཉིས་པའི་གྲུབ་འབྲས་བཟང་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཕུའུ་ཅིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐུགས་གྲ་ལེགས་འགྲིག་བྱུང་བ་དང་ཀྲུང་གོའི་འཐུས་མི་ཚོགས་པར་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པར་ཀྲུང་གོ་མི་དམངས་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
    ཕྱོགས་གཉིས་པོས་མིག་སྔའི་ཡུག་རེན་དུས་བབ་ཐད་གཙོ་གནད་ཐོག་དགོངས་འཆར་བརྗེ་རེས་གནང་བ་རེད།
   ཕུའུ་ཅིང་གིས་ཡུག་རེན་གནད་དོན་གྱི་ལོ་རྒྱུས་འཕེལ་རིམ་དང་ཨུ་རུ་སུས་ཡུག་རེན་ཤར་རྒྱུད་ས་ཁུལ་དུ་དམིགས་བསལ་གྱི་དམག་དོན་བྱ་སྤྱོད་སྤེལ་ཚུལ་དང་ལངས་ཕྱོགས་ངོ་སྤྲོད་གནང་བ་དང་། ཁོང་གིས་ཨ་རི་དང་བྱང་ཆིངས་ཀྱིས་དུས་ཡུན་རིང་པོའི་ནང་ཨུ་རུ་སུའི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་སྣང་མེད་དུ་བཏང་བ་དང་། ཁས་ལེན་བྱས་པ་དག་རྟག་ཏུ་རྒྱབ་ཏུ་བསྐྱུར་བ། ཤར་རྒྱུད་དུ་དམག་དོན་བཀོད་སྒྲིག་བྱེད་རྒྱུར་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ་ཨུ་རུ་སུའི་འཐབ་ཇུས་ཀྱི་མཐའ་ཚད་ལ་འགྲན་སློང་བྱས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་ཡུག་རེན་ཕྱོགས་དང་རིམ་པ་མཐོ་བའི་གྲོས་མོལ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
   ཞི་ཅིན་ཕིང་གིས་ཉེ་ཆར་ཡུག་རེན་ཤར་རྒྱུད་ས་ཁུལ་གྱི་དུས་བབ་ལ་འགྱུར་བ་ཆེན་པོ་བྱུང་བར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གནད་དོན་དེ་ཉིད་ཀྱི་ཐོག་མའི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་ཀྲུང་གོའི་ལངས་ཕྱོགས་གཏན་འཁེལ་བྱེད་ཀྱི་ཡིན། འཇམ་འཐབ་ཀྱི་བསམ་བློ་དོར་ནས་རྒྱལ་ཁབ་ཁག་གི་ལུགས་མཐུན་གྱི་བདེ་འཇགས་དོ་ཁུར་ལ་མཐོང་ཆེན་དང་བརྩི་འཇོག་བྱེད་པ་དང་། གྲོས་མོལ་བྱས་པ་བརྒྱུད་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་ཆོག་པ་བཅས་ཀྱི་ཡོ་རོབ་ཀྱི་བདེ་འཇགས་ལམ་སྲོལ་ཞིག་ཆགས་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་ཕྱོགས་དང་ཡུག་རེན་ཕྱོགས་ཀྱིས་་གྲོས་མོལ་བྱས་པ་བརྒྱུད་གནད་དོན་ཐག་གཅོད་བྱེད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་གི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་ལ་བརྩི་འཇོག་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་བརྩི་སྲུང་ཞུ་བའི་གཞི་རྩའི་ལངས་ཕྱོགས་ནི་སྔ་བར་ཕྱི་གསུམ་དུ་འགྱུར་བ་མེད་པ་ཞིག་ཡིན། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཕྱོགས་ཁག་དང་མཉམ་དུ་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཆོག་པ་བཅས་ཀྱི་བདེ་འཇགས་ལྟ་བ་དར་སྤེལ་བཏང་སྟེ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞི་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

  
style="display:none;"