མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཙུང་ལི་ལི་ཁེ་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་ནས་གསར་འགོད་པའི་དྲི་བར་ལན་བསྐྱོན་པ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 03ཚེས་13ཉིན། 15:46】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་མི་དམངས་ཚོགས་ཁང་ཆེ་མོར་གསར་འགོད་པའི་ཚོགས་འདུ་འཚོགས་ཤིང་། ཚོགས་ཆེན་གྱི་མགྲིན་ཚབ་པ་ཀྲང་ཡེ་སུའེ་ཡི་གདན་ཞུས་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གསར་འགོད་པའི་ཚོགས་འདུར་ཞུགས་ནས་ཀྲུང་ཕྱིའི་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་པ་རེད།
     དཔལ་འབྱོར་འཕར་ཚད་སྐོར་གླེང་བ།
     ལི་ཁེ་ཆང་གིས་ཀྲུང་གོའི་དཔལ་འབྱོར་འཕར་ཚད་སྐོར་གླེང་ན། ན་ནིང་ང་ཚོའི་དཔལ་འབྱོར་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་110ལྷག་ཙམ་ཟིན་ནས་མུ་མཐུད་འཕར་བ་དེ་གཞི་གྲངས་ཐོག་ནས་འཕར་བ་ཞིག་རེད་ཅེས་བརྗོད་ཆོག འཛམ་གླིང་གི་ཁྱབ་ཁོངས་ནས་བལྟས་ན། དཔལ་འབྱོར་དངོས་ཚན་ཆེན་པོ་འདི་འདྲ་ཞིག་གི་འཕར་ཚད་མཐོ་འབྲིང་རྒྱུན་འཁྱོངས་བྱ་རྒྱུ་ནི་མ་གཞི་ནས་དཀའ་གནད་ཆེན་པོ་ཞིག་རེད།
     ད་ལོའི་དཔལ་འབྱོར་ཐད་ཆག་པའི་གནོན་ཤུགས་དང་འགྲན་སློང་གསར་པ་འཕྲད་པ་མ་ཟད། རྙོག་འཛིང་ཆེ་བའི་ཁོར་ཡུག་སྣ་ཚོགས་ལ་འགྱུར་ལྡོག་འགྲོ་བཞིན་པའི་ཐོག་ངེས་གཏན་མེད་པའི་རྒྱུ་རྐྱེན་མང་དུ་འགྲོ་བ་དེ་འདྲ་ཕར་ཞོག ང་ཚོས་མ་གཞི་ནས་དམིགས་ཚད་5.5%མངོན་འགྱུར་བྱ་རྒྱུ་ཡིན་པ་དེའི་འཕར་ཚད་ནི་ཀྲུང་གོའི་སྒོར་དུང་ཕྱུར་ཁྲི་བརྒྱ་ཡན་གྱི་GDP5.55%ཡི་འཕར་ཚད་ཡིན་པ་དེ་རྒྱལ་ཁབ་འབྲིང་ཙམ་ཞིག་གི་དཔལ་འབྱོར་བསྡོམས་འབོར་དང་མཚུངས་ཀྱི་ཡོད། ལོ་བཅུའི་གོང་ང་ཚོའི་དཔལ་འབྱོར་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་50ལྷག་ཙམ་དང་འཕར་ཚད་10%ཙམ་ཡིན་པས། འཕར་ཚད་སྒོར་དུང་ཕྱུར་ཁྲི་དྲུག་བདུན་ཙམ་ཟིན་ན་འགྲིག་མོད། འོན་ཀྱང་ད་ལོ་མིང་ཐོག་GDPའཕར་ཚད་སྒོར་དུང་ཕྱུར་ཁྲི་དགུ་ཟིན་དགོས་པས། དེ་ནི་རི་འཛེགས་པ་དང་འདྲ་བར། གལ་ཏེ་ཁྱོད་རང་སྨི་1000ཟིན་པའི་རིའི་10%འཛེགས་དགོས་བསམ་ན། སྨི་100འཛེགས་ན་འགྲིག་པ་དང་། གལ་ཏེ་ཁྱོད་རང་སྨི་3000ཟིན་པའི་རིའི་5%འཛེགས་དགོས་བསམ་ན། སྨི་150འཛེགས་དགོས། དེས་མ་ཚད་ཆ་རྐྱེན་ལའང་འགྱུར་ལྡོག་སོང་སྟེ་ཇི་ཙམ་འཛེགས་ན་དེ་ཙམ་གྱིས་རླུང་གནོན་དམའ་རུ་དང་གསོ་རླུང་དཀོན་དུ་འགྲོ་བས། མྱུར་ཚད་དལ་དུ་སོང་བ་འདྲ་ཡང་། དོན་དངོས་ཐོག་ཁུར་པོ་དེ་བས་ལྕི་རུ་ཕྱིན་ཡོད། 5.5%ཙམ་འཕར་བ་བྱ་རྒྱུ་དེ་ནི་ཆུ་ཚད་མཐོ་བའི་བརྟན་པོ་ཞིག་ཡིན་ལ། དོན་དངོས་ཀྱི་འཕེལ་རྒྱས་གཏོང་ཐབས་ཤིག་ཡིན་པས་ལས་སླ་པོ་ཞིག་མིན། དེས་ན་ངེས་པར་དུ་བབ་མཐུན་གྱི་གཞི་ཆེན་སྲིད་ཇུས་ཀྱིས་འདེགས་སྐྱོར་བྱེད་དགོས། དཔེར་ན། ནོར་སྲིད་ཀྱི་སྲིད་ཇུས་ལ་མཚོན་ན། ད་ལོར་ང་ཚོས་མཚལ་ཡིག་གི་ཚད་གཞི་2.8%བར་བཅག་པ་དེས་མཚལ་ཡིག་ན་ནིང་ལས་སྒོར་དུང་ཕྱུར་2000ལྷག་ཙམ་ཉུང་དུ་སོང་ཡོད། འོན་ཀྱང་དེ་དང་ཆབས་ཅིག་ང་ཚོས་ནོར་སྲིད་ཀྱི་གཏོང་ཤུགས་ཆེ་རུ་བཏང་ཡོད། ཁྱེད་ཚོས་དངུལ་གང་ནས་བྱུང་བ་ཡིན་ནམ་ཞེས་འདྲི་སྲིད། ངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཤད་ཟིན་པ་ལྟར། ང་ཚོས་ཉེ་བའི་ལོ་གཉིས་རིང་སྤྱད་ཆོག་ཀྱང་སྤྱད་མེད་པ་དང་ལྷག་འཕྲོས་ཀྱི་ཀྲུང་དབྱང་གི་དམིགས་འཛུགས་དངུལ་རྩའི་སྒྲིག་གཞི་དང་ཆེད་གཉེར་སྒྲིག་གཞིའི་ཁེ་སྤོགས་ཐོག་ནོར་སྲིད་སྔོན་རྩིས་ཀྱི་སྙོམས་སྒྲིག་བརྟན་སྲུང་ཐེབས་རྩ་བསྣན་ཚེ། གཏོང་སྒོ་འཕར་མ་སྒོར་དུང་ཕྱུར་ཁྲི་2ལས་མི་ཉུང་བ་ཡོད་པ་མ་ཟད། ཁ་སྣོན་བྱས་པ་དེ་གཙོ་བོ་ཁྲལ་རིན་གཉིས་གཅོག་དང་ལྷག་པར་དུ་ཁྲལ་སློག་ཐད་སྤྱད་པ་དེ་ནི་རི་རྩེར་འཛེགས་མཁན་ལ་གསོ་རླུང་རྔུབ་ཏུ་བཅུག་པ་ལྟ་བུ་རེད། ཨ་ཅང་ཅང་ང་ཚོར་ད་དུང་ཆ་ལག་ཚང་བའི་དངུལ་རྩ་དང་ལས་ཞུགས་སོགས་ཀྱི་བྱེད་ཐབས་མང་པོ་ཡོད་ཅེས་གསུངས་པ་རེད།
     ཁྲལ་རིན་གཉིས་གཅོག་སྐོར་གླེང་བ།
     ལི་ཁེ་ཆང་གིས་བསྡོམས་ཚིག་ལ་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་འདེགས་སྐྱོར་ཡོད་དགོས། ང་ཚོའི་ལོ་འདི་དག་གི་ལག་ལེན་ལ་བལྟས་ན། ཁྲལ་རིན་གཉིས་གཅོག་གི་ཕན་འབྲས་ནི་ཆེས་ཐད་ཀར་ཐོན་པ་ཞིག་རེད། ན་ནིང་ཤར་རྒྱུད་ས་ཁུལ་དུ་ངས་ཁེ་ལས་མཁས་ཅན་བཅུ་གྲངས་དང་གླེང་མོལ་བྱེད་སྐབས་ཁོང་ཚོས་ཁེ་ལས་འཁོར་རྒྱུག་ཁྲོད་ཀྱི་དཀའ་ངལ་སྐོར་གླེང་ནས་རྒྱལ་ཁབ་ཀྱིས་སླར་ཡང་གཞི་ཆེན་གྱི་རྒྱབ་སྐྱོར་སྲིད་ཇུས་ཁག་གཅིག་འདོན་རྒྱུའི་རེ་བ་བྱེད་ཀྱི་འདུག སྐབས་དེ་དུས་ངས་ཀྲུང་དབྱང་སྲིད་གཞུང་ལ་སྲིད་ཇུས་གྲབས་གསོག་ཡོད་མོད། འོན་ཀྱང་གཅིག་སྡུད་ཐོག་སྤྱོད་དགོས་ཀྱི་ཡོད། གདམ་ག་གསུམ་ཡོད་ཀྱང་གསུམ་ནས་གཅིག་ལས་འདེམས་མི་རུང་།
     གཅིག་ནི་གཞི་ཁྱོན་ཆེན་པོའི་མ་དངུལ་བཞག་ཚེ་གཅིག་བྱས་ན་ཁྱེད་ཚོར་མངགས་ཐོ་རག་སྲིད། གཉིས་ནི་འཛད་སྤྱོད་འཛིན་ཤོག་སྤྲད་ཚེ་འཛད་སྤྱོད་ལ་ཐད་ཀར་སྐུལ་འདེད་ཐུབ་སྲིད། གསུམ་ནི་ཁེ་ལས་ལ་ཁྲལ་རིན་གཉིས་གཅོག་བྱས་ཚེ་ལས་ཞུགས་བརྟན་པོ་དང་མ་དངུལ་འཇོག་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་ཐུབ་ཅེས་བཤད་པ་ཡིན། ཁོ་ཚོས་རེ་ཞིག་སྐད་ཆ་མ་བཤད་པར་ཧ་ལམ་མགྲིན་གཅིག་ཏུ་ང་ཚོས་གསུམ་པ་འདེམས་ཀྱི་ཡིན་ཞེས་བཤད་བྱུང་། གང་ཡིན་ཟེར་ན་དེ་ནི་ཆེས་ཐད་ཀ་དང་། ཆེས་འདྲ་མཉམ། ཆེས་ལས་ཆོད་ཆེ་བ་བཅས་ཡིན་པའི་རྐྱེན་གྱིས་རེད། ད་ལོ་ང་ལ་འབྱོར་བའི་འབྲེལ་ཡོད་སྙན་སེང་ལ་བལྟས་ན། མང་ཆེ་བས་ཁྲལ་རིན་གཉིས་གཅོག་སྲིད་གཞུང་གི་གཞི་ཆེའི་སྲིད་ཇུས་ལ་འཛིན་པའི་རེ་སྒུག་དང་པོར་བརྩི་ཡི་འདུག དེར་བལྟས་ན། ལུད་རྒྱག་པར་གཙོ་བོ་རྩ་བར་རྒྱག་དགོས་པ་དང་རྩ་བ་རྒྱས་ན་གཞི་ནས་ཡལ་འདབ་རྒྱས་ཐུབ་པའི་དཔེ་རང་རེད།
     ཁྲལ་རིན་གཉིས་གཅོག་ནི་འཐེན་འཕྲི་བྱེད་པ་ཞིག་ཡིན་མོད། འོན་ཀྱང་ངོ་བོའི་ཐད་ནས་བཤད་ན་དེ་ནི་སྣོན་ཐབས་ཤིག་རེད། གང་ལགས་ཤེ་ན། དེ་རིང་ཕྱིར་བསློགས་ན་སང་ཉིན་འཕར་སྣོན་ཡོང་བ་དང་། དེ་རིང་འཐེན་འཕྲི་བྱས་ན་སང་ཉིན་འཕར་སྲིད་པས་རེད། ན་ནིང་གསར་པ་འཕར་བའི་ཁྲལ་འཇལ་ཁྲོམ་རའི་བྱེད་པོས་འཇལ་བའི་དངུལ་ང་ཚོས་ལོ་དེར་ཁྲལ་བཅག་པའི་དངུལ་ལས་མང་བ་བྱུང་བ་རྩིས་ཐོ་ལས་བཤེར་ཐུབ། 2013ལོར་ང་ཚོས་གནས་ཐང་འཕར་ཁྲལ་སྒྱུར་བཅོས་བྱས་པ་ནས་བཟུང་ཁྲལ་གཅོག་པ་ཁྲིད་སྟོན་དུ་བྱས་པར་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་8.7ཆག་ཡང་བཏང་ཡོད། སྐབས་དེ་དུས་ང་ཚོའི་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་11ཙམ་ཟིན་པ་དང་ན་ནིང་སྒོར་དུང་ཕྱུར་ཁྲི་20ལས་བརྒལ་ནས་ལྡབ་གཅིག་ཙམ་འཕར་ཡོད། གང་ལགས་ཤེ་ན། བརྒྱུད་རིམ་དེར་ཁེ་ལས་ལ་ཕན་པ་ཐོབ་ནས་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད་པས་རེད། ཆུ་ཟབ་ན་ཉ་ཆེ། ཆུ་མང་ན་ཉ་མང་ཞེས་པའི་དཔེ་ལྟར་དེ་ནི་ཁྲལ་ཁུངས་གསོ་འཁྱོངས་བྱས་པ་ལས་ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་ཕྱིན་པ་ཞིག་རེད་ཅེས་གསུངས་པ་རེད།
     བབ་བསྟུན་ལས་ཞུགས་སྐོར་གླེང་བ།
     ལི་ཁེ་ཆང་གིས་ལས་ཞུགས་ནི་དམངས་འཚོའི་གནད་དོན་ཞིག་ཡིན་པ་མ་ཟད། འཕེལ་རྒྱས་ཀྱི་གནད་དོན་ཞིག་ཀྱང་རེད། ལས་ཞུགས་ཐུབ་ན་ད་གཟོད་ཡོང་འབབ་ཡོད་པ་དང་འཚོ་བར་མདུན་ལམ་ཡོད་ལ་སྤྱི་ཚོགས་ལ་རྒྱུ་ནོར་ཡང་གསར་སྐྲུན་བྱེད་ཐུབ། ངས་ངེས་གསལ་ལ་ན་ནིང་ཁེ་ལས་ལ་བརྟག་ཞིབ་བྱེད་སྐབས་ཁེ་ལས་ཀྱི་འགན་འཁུར་བས་ང་ལ་ཟླ་བརྒྱད་པར་སླེབས་དུས་ལས་བཟོ་མང་པོ་ཞིག་གིས་འགན་འཁུར་བའི་ས་ནས་གླ་ཆ་སྔོན་ལ་བླངས་སོང་ཞེས་བརྗོད་བྱུང་། དེའི་རྒྱུ་མཚན་གང་ཡིན་ཞེ་ན་ཟླ་བ་དགུ་པར་ཕྲུ་གུའི་སློབ་ཡོན་སྤྲོད་དགོས་པས་རེད། དཔྱིད་གསར་དུས་ཆེན་གོང་ང་ནུབ་བྱང་གི་གྲོང་གསེབ་ཏུ་བརྟག་ཞིབ་བྱེད་པར་སྐྱོད་སྐབས། ཞིང་པ་ཞིག་གིས་ཁོང་གི་ཕྲུ་གུ་ཞིག་སློབ་ཆེན་དུ་འགྲོ་ཡི་ཡོད་པ་དེར་ལོ་གཅིག་ལ་སྒོར་ཁྲི་གཅིག་ལྷག་ཙམ་གཏོང་དགོས་ཀྱི་ཡོད་པ་མ་ཟད། ད་དུང་ཕྲུ་གུ་གཅིག་མཐོ་འབྲིང་དུ་འགྲོ་ཡི་ཡོད་པ་དེར་ལོ་གཅིག་ལ་སྒོར་8000ལྷག་ཙམ་འགྲོ་གི་ཡོད་པས། ས་ཞིང་མུའུ་ཁ་ཤས་བཏབ་པ་ཙམ་གྱིས་འགྲོ་སོང་འདང་གི་མེད་པར་བརྟེན། ངེས་པར་དུ་གླ་པར་ཕྱིན་ནས་ཡོང་འབབ་གསོག་དགོས་ཀྱི་འདུག་ཅེས་བཤད་བྱུང་། ང་ཚོའི་མི་དམངས་མང་ཚོགས་ཀྱི་གནས་ཚུལ་འདི་དག་མཐོང་ཐོས་བྱུང་སྐབས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ཁོ་ཚོས་འབད་བརྩོན་ཆེན་པོས་ལས་ཀ་དང་ལས་ཞུགས་བྱེད་པ་ནི་མིག་སྔའི་འཚོ་ཐབས་དང་འབྲེལ་བ་ཡོད་པ་མ་ཟད། མི་རབས་རྗེས་མར་དེ་བས་ལེགས་པའི་འབྱུང་འགྱུར་གཏོད་ཆེད་རེད་ཅེས་གསུངས་པ་རེད།
     ད་ལོ་ང་ཚོས་གཞི་ཆེའི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནོར་སྲིད་དང་དངུལ་ལོར་གྱི་སྲིད་ཇུས་ནི་ལས་ཞུགས་ཀྱི་དམིགས་ཡུལ་མངོན་འགྱུར་ཡོང་བར་དམིགས་ནས་སྤེལ་དགོས་པས། ང་ཚོས་ལས་ཞུགས་སྔོན་ལ་འཇོག་པ་འདི་ཡང་གཞི་ཆེའི་སྲིད་ཇུས་ཡིན་པ་དང་། སྲིད་ཇུས་གཞན་དག་ཆ་བསྒྲིགས་ནས་ལས་ཞུགས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད། ང་ཚོར་ད་ལྟ་ལོ་རེར་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་གསར་པ་འཕར་བ་ངེས་པར་དུ་མི་ཁྲི་1100ཡན་ཡོད་དགོས་པ་དང་། ཡག་ཤོས་བྱུང་ན་མི་ཁྲི་1300ཡན་ཟིན་དགོས། ངའི་བསམ་པར་ལས་ཞུགས་གང་ལེགས་མངོན་འགྱུར་བྱུང་ན་མི་ཁ་ཤས་ཀྱིས་བཤད་པའི་ཀྲུང་གོའི་དཔལ་འབྱོར་གྱི་མངོན་མེད་འཕར་ཚད་མངོན་འགྱུར་ཡོང་ཐུབ་ངེས་རེད་སྙམ་གྱི་འདུག འདི་ལོ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་བྱེད་དགོས་པའི་གསར་འཕར་ངལ་རྩོལ་ནུས་ཤུགས་མི་ཁྲི་1600ཟིན་ངེས་ཡིན་པས་ལོ་མང་རིང་གི་མང་ཤོས་དེ་རེད། མཐོ་སློབ་སློབ་ཐོན་སློབ་མ་ཁྲི་1076ཟིན་པ་དེ་ད་བར་གྱི་མང་ཤོས་དེ་རེད། ད་དུང་ཞིང་པ་ལས་མི་དུང་ཕྱུར་3ཙམ་ལ་ལས་ཀ་བྱེད་པའི་གོ་སྐབས་དགོས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་ཞུགས་ཀྱང་འགན་ལེན་བྱེད་དགོས་ཀྱི་ཡོད། ད་དུང་ཁེ་ལས་ཁག་གཅིག་དར་གྱིན་དར་གྱིན་ཉམས་ཀྱིན་ཉམས་ཀྱིན་བྱེད་པ་དང་མི་ཁག་གཅིག་ད་དུང་ལས་ཞུགས་བསྐྱར་མ་བྱེད་དགོས་ཀྱི་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ངལ་རྩོལ་ནུས་ཤུགས་འཕར་བཞིན་ཡོད་པས་ལས་ཞུགས་ཀྱི་ལས་སྟེགས་གསར་པ་དགོས་ཀྱི་ཡོད་ཅེས་གསུངས་པ་རེད།
     “འགུལ་རྣམ་གཙང་སེལ”སྐོར་གླེང་བ།
     ལི་ཁེ་ཆང་གིས་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ནས་རྒྱལ་སྤྱིའི་འགྲོ་འོང་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ང་ཚོས་རིམས་ནད་ཀྱི་དུས་བབ་འགྱུར་ལྡོག་དང་ནད་དུག་གི་ཁྱད་ཆོས་ལ་གཞིགས་ནས་སྔོན་འགོག་དང་ཚོད་འཛིན་དེ་བས་ཚན་རིག་དང་མཐུན་ཞིང་གནད་སྨིན་ཡོང་བ་དང་། མི་དམངས་ཀྱི་ཚེ་སྲོག་གི་བདེ་ཐང་འགན་ལེན། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་འགན་ལེན། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་གྱི་བདེ་འཇགས་འགན་ལེན་བཅས་བྱེད་ཀྱི་ཡོད།
     ང་ཚོས་རྒྱུན་ཆད་མེད་པར་ཉམས་མྱོང་གསོག་འཇོག་དང་། འབྱུང་སྲིད་པའི་འགྱུར་ལྡོག་ལ་དུས་ཐོག་ཏུ་ཁ་གཏད་འཇལ་ཏེ་རིམ་བཞིན་ཟོག་འགྲུལ་དང་མི་འགྲུལ་གོ་རིམ་ལྡན་པའི་སྒོ་ནས་ཤར་བགྲོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
     དམངས་འཚོ་འགན་སྲུང་དང་ལེགས་གཏོང་སྐོར་གླེང་བ།
     ལི་ཁེ་ཆང་གིས་ལོ་འདི་དག་རིང་རང་རྒྱལ་གྱི་གྲོང་མིའི་ཡོང་འབབ་དང་GDPའཕར་ཚད་གཞི་རྩའི་ཆ་ནས་གཅིག་མཚུངས་ཡིན་ཞིང་། འོན་ཀྱང་ཀྲུང་གོ་ནི་སྔར་བཞིན་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་པས། ང་ཚོའི་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་མངོན་གསལ་དོད་པོ་ཡོད། སྤྱི་པའི་ཞབས་འདེགས་དོ་སྙོམས་ཡོང་བའི་བརྒྱུད་རིམ་དུས་ཡུན་རིང་པོ་ཞིག་དགོས།
     ད་ལྟ་རང་རྒྱལ་གྱི་ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་20ཟིན་ཡོད་ཀྱང་། མང་པོ་དེ་འདྲ་མེད། ལོ་10བསྟུད་མར་ང་ཚོས་ནོར་སྲིད་རང་བཞིན་གྱི་སློབ་གསོའི་གྲོན་དངུལ་GDPཡི་བརྒྱ་ཆ་4ལས་མི་ཆག་པའི་འགན་ལེན་གང་ཐུབ་བྱས་ཡོད། འོན་ཀྱང་དེ་ལས་སླ་པོ་ཞིག་གཏན་ནས་མིན། ང་ཚོས་གཙོ་བོ་འོས་འགན་སློབ་གསོ་དང་གྲོང་གསེབ་ལ་བཏང་ཡོད། གང་ཡིན་ཟེར་ན། ད་ལྟ་ང་ཚོའི་གྲོང་གསེབ་ཀྱི་ཐེམ་ཁུངས་མི་འབོར་ད་དུང་དུང་ཕྱུར་7.6ཡོད་པས། ད་དུང་གྲོང་གསེབ་དང་ཐག་རིང་མཐའ་མཚམས་ས་ཁུལ་གྱི་འོས་འགན་སློབ་གསོར་མ་དངུལ་གཏོང་ཤུགས་སྔར་ལས་ཆེ་རུ་གཏོང་དགོས། ཕྱོགས་གཞན་ཞིག་ནས། ང་ཚོས་མི་གྲངས་དུང་ཕྱུར་14ལྷག་ཙམ་ལ་ཕྱོགས་པའི་འཛམ་གླིང་གི་གཞི་རྩའི་སྨན་བཅོས་འགན་བཅོལ་དྲ་བ་ཆེ་ཤོས་བཙུགས་ཡོད་ཅེས་བརྗོད་ཆོག འོན་ཀྱང་དེའི་ཆུ་ཚད་ད་དུང་མཐོ་པོ་མེད། དེར་བརྟེན་འདིའི་ཐད་ད་ལོ་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སླར་ཡང་མི་རེར་ཆ་སྙོམས་སྒོར་30ཁ་སྣོན་བརྒྱབ་ཡོད། ང་ཚོས་ནད་ཆེན་སྨན་བཅོས་འགན་བཅོལ་ལམ་ལུགས་བཙུགས་ཏེ་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་བརྟེན་ནས་ཚོང་ལས་ཀྱི་ནད་ཆེན་འགན་བཅོལ་གྱི་སྒྲུབ་གཉེར་ཞབས་འདེགས་ཉོ་ཡི་ཡོད། དེར་བརྟེན་ནད་རིགས་ཁ་ཤས་ལ་ས་ཆ་ཁ་ཤས་ནས་རྩིས་ཞུ་བྱེད་དུས་སྒོར་ཁྲི་30ནས་ཁྲི་50བར་བྱེད་ཐུབ་པ་མ་ཟད། ས་ཆ་ཁག་གཅིག་ཏུ་རྩིས་ཞུའི་གྲངས་ཚད་ལ་ཚད་བཀག་མེད།
     གཞི་རྩའི་དམངས་འཚོ་དང་རྒྱུན་གཏན་གྱི་འཚོ་བ་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད་ཅིང་། ད་ལྟ་ང་ཚོའི་ཞིང་ཆེན་བསྒྲལ་བའི་ཕྱོགས་མིའི་མི་འབོར་དུང་ཕྱུར་1ལས་བརྒལ་ཡོད། ཁོ་ཚོས་ས་ཆ་གཞན་དུ་ལས་ཞུགས་དང་། རྒན་གསོ། སློབ་ཞུགས་བཅས་བྱེད་སྐབས་དོན་དག་རེ་གཉིས་བསྒྲུབ་པར་ཕར་འགྲོ་ཚུར་འོང་བྱེད་དགོས་ཀྱི་ཡོད་པས། “ཞིང་སྒྲོལ་ཀུན་སྒྲུབ”ནི་དགོས་ངེས་གསར་པ་ཞིག་ཏུ་གྱུར་ཡོད།
     ད་ལོ་ང་ཚོས་སྲིད་ཇུས་གསར་པ་ཞིག་ལག་བསྟར་བྱེད་རྒྱུ་སྟེ། མི་རྣམས་ཀྱི་རྒྱུན་སྤྱོད་ཐོབ་ཐང་ལག་ཁྱེར་གློག་རྡུལ་ཅན་དེ་རེད། མདོར་བསྡུར་ནས་བརྗོད་ན། ཕྱིས་སུ་དོན་དག་སྒྲུབ་པར་ཁ་པར་གྱིས་རྟགས་བཤེར་བྱས་ན་སྒྲུབ་ཐུབ་ཀྱི་ཡོད། ང་ཚོས་རིག་ནུས་ཁ་པར་མི་སྤྱོད་པའི་མི་དང་ལྷག་པར་དུ་རྒན་རྒོན་ཚོར་སྟབས་བདེ་སྐྲུན་དགོས་པ་མ་ཟད། ད་དུང་སྤྱི་དམངས་ཀྱི་ཆ་འཕྲིན་བདེ་འཇགས་དང་སྒེར་གྱི་གསང་དོན་ཡང་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
     མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་སྐོར་གླེང་བ།
     ལི་ཁེ་ཆང་གིས་འདི་གར་ངས་ད་དུང་ནན་བཤད་བྱེད་རྒྱུར་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་དགོས། འདི་ནི་མི་དམངས་སྲིད་གཞུང་གིས་ངེས་པར་དུ་ཕྲག་ཏུ་འཁུར་དགོས་པའི་འགན་འཁྲི་རེད། ཉེ་དུས་ས་གནས་ཁ་ཤས་སུ་བུད་མེད་ཀྱི་ཁེ་དབང་ལ་བཙན་གནོད་ཚབས་ཆེན་བཏང་བའི་དོན་རྐྱེན་ཐོན་འདུག ང་ཚོས་གནོད་འཚེ་ཕོག་མཁན་ལ་སྙིང་རྗེ་བྱེད་དགོས་ལ་དོན་རྐྱེན་དེར་ཁོང་ཁྲོ་ཡང་བྱེད་དགོས། མང་ཚོགས་ཀྱི་ཁེ་དབང་སྣང་མེད་དུ་གཏོང་མཁན་རིགས་ཀྱི་འགན་འཁྲིར་མཐའ་གཅིག་ཏུ་བདའ་འདེད་དང་རྩད་གཅོད་བྱེད་དགོས། བུད་མེད་དང་བྱིས་པ་བསླུ་ཚོང་བྱེད་པའི་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་གུ་ཡངས་གཏན་ནས་གཏོང་མི་རུང་། དམངས་ཀྱི་བདེ་འཇགས་འགན་ལེན་དང་དམངས་འཚོར་ཕན་པ་འདོགས་པ་ཕན་ཚུན་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས། རིམ་ཁག་སྲིད་གཞུང་གིས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་དམངས་འཚོར་ཕན་པ་འདོགས་པ་དང་ནུས་ཤུགས་ཡོད་རྒུས་དམངས་ཀྱི་བདེ་འཇགས་འགན་ལེན་བྱེད་པ་རང་ཉིད་ཀྱི་གཞི་རྩའི་འགན་འཁྲིར་བརྩི་དགོས་ཞེས་གསུངས་པ་རེད།
     ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྐོར་གླེང་བ།
     ང་ཚོས་ཐུན་མོང་འབྱོར་ཕྱུག་ཤོད་ཀྱི་ཡོད། ཐུན་མོང་འབྱོར་ཕྱུག་ཡོང་བར་ཐུན་མོང་འབད་བརྩོན་བྱེད་དགོས། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་པའི་སྲིད་ཇུས་ལ་ཀྲུང་གོས་འགྱུར་ལྡོག་བཏང་མེད་ལ་འགྱུར་ལྡོག་ཀྱང་གཏོང་མི་སྲིད། དེའི་ཐད་ང་ཚོའི་ཕྱི་རྒྱལ་ཚོང་པའི་མ་དངུལ་འཇོག་པའི་བཅའ་ཁྲིམས་སུ་གཏན་འབེབས་གསལ་པོ་བྱས་ཡོད། འགྱུར་ལྡོག་བཏང་ན་ཡང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་ཕན་པ་དང་མ་འཇོག་ཚོང་དོན་ལ་ཕན་པའི་ཕྱོགས་སུ་འགྱུར་ལྡོག་གཏོང་གི་རེད།
     རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་ཡང་ཀྲུང་གོས་བློ་བརྟན་འགྱུར་མེད་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་གི་རེད་ཅེས་ངས་ཚང་མར་གསལ་བཤད་ཞུ་གི་ཡིན། འབྲི་ཆུ་དང་རྨ་ཆུ་གྱེན་དུ་རྒྱུག་མི་སྲིད་ཅེས་པའི་དཔེ་ལྟར། ལོ་40ལྷག་ཙམ་རིང་ཀྲུང་གོས་སྒྱུར་བཅོས་བྱེད་རིང་མདུན་སྐྱོད་བྱས་པ་དང་སྒོ་དབྱེ་བྱེད་རིང་འཕེལ་རྒྱས་བཏང་ཡོད། ཆུ་ཚད་མཐོ་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བར་ཕན་པའི་བྱ་བ་ཞིག་ཡིན་ཕྱིན། ང་ཚོས་ཧུར་ཐག་སྒྲུབ་འདོད་བྱེད་པ་མ་ཟད། ད་དུང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་ཀྱི་ཡིན། འདིའང་ང་ཚོ་རང་ཉིད་ཀྱི་འཕེལ་རྒྱས་དགོས་མཁོ་རེད།
     ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་ལོ་40ལྷག་ཙམ་སོང་ཡོད། དེའི་རིང་རང་ཉིད་འཕེལ་རྒྱས་བཏང་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་མ་ཟད། ད་དུང་འཛམ་གླིང་ལའང་ཕན་པ་བསྐྲུན་ཡོད། འདི་ནི་གོ་སྐབས་ཀྱི་སྒོ་མོ་ཆེན་པོ་ལྟ་བུ་ཡིན་པས། ང་ཚོས་སྒོ་མོ་དེ་གཏན་ནས་རྒྱག་མི་སྲིད་ལ་རྒྱག་མི་རུང་ཞེས་གསུངས་པ་རེད།

  
style="display:none;"