མི་དམངས་དྲ་བ།

༄༅།།ཞི་ཅིན་ཕིང་དང་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་ཡིས་ཀྲུང་ཐིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20
འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་22ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ཞི་ཅིན་ཕིང་དང་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་ཡིས་ཀྲུང་ཐིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། ལི་ཁེ་ཆང་དང་ཐི་མོར་ཤར་མའི་ཙུང་ལི་ལུའུ་ཝ་ཁེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐི་མོར་ཤར་མའི་ཙུང་ཐུང་ཨོར་ཐ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་སྟེ་ཐི་མོར་ཤར་མར་རང་བཙན་སླར་གསོ་ཐུབ་ནས་ལོ་ངོ་20འཁོར་བ་དང་ཀྲུང་ཐིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གིས་ལོ་ངོ་20ཡི་རིང་ཐི་མོར་ཤར་མས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་བས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཀྲུང་ཐིའི་དབར་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་20སོང་རིང་། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་མུ་མཐུད་ཟབ་ཏུ་བཏང་བ་དང་། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་བཏང་བ། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་པ་བཅས་ལས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། ངས་ཀྲུང་ཐིའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཨོར་ཐ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཀྲུང་ཐིའེ་ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་དང་གཉིས་ཕན་ཡོང་བར་བྱེད་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་མུ་མཐུད་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་རེད།
     ཨོར་ཐ་ཡིས་ཀྲུང་གོས་ས་ཁུལ་དང་འཛམ་གླིང་ཞི་བདེ་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐད་འགག་རྩའི་ནུས་པ་བཏོན་པར་ཐི་མོར་ཤར་མས་བསྔགས་བརྗོད་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐི་མོར་ཤར་མའི་རྒྱལ་ཁབ་འཛུགས་སྐྲུན་གྱི་བརྒྱུད་རིམ་ནང་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཐི་མོར་ཤར་མ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་བློ་བརྟན་འགྱུར་མེད་ངང་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཕྱོགས་གཉིས་པོའི་མཛའ་གྲོགས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
     དེ་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཐི་མོར་ཤར་མའི་ཙུང་ལི་ལུའུ་ཝ་ཁེ་ཡིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་ཐིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20སོང་རིང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བདེ་བླག་བྱུང་ཡོད་ལ་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཡང་སྐུལ་འདེད་བརྟན་པོ་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐི་མོར་ཤར་མ་དང་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བར་མཐོང་ཆེན་པོ་བྱེད་ཀྱི་ཡོད། ད་དུང་མུ་མཐུད་ཐི་མོར་ཤར་མའི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་མུ་མཐུད་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"