མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ལི་ཁེ་ཆང་གིས་ཡུན་ནན་དུ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་21ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

     ● གོང་འོག་སེམས་ཤུགས་གཅིག་སྒྲིལ་གྱིས་ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་བརྟན་པོ་དང་གཞི་རྩའི་དམངས་འཚོ་འགན་ལེན་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་ཟླ་5ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་17ནས་19ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་དང་ཧྲེང་ཀྲང་ཝང་ཡུས་པོ་ཡི་ཕེབས་རོགས་འོག་ཆུས་ཅིང་དང་ཁུན་མིང་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་དོན་འཁྱོལ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱེད་པ། ཁྲོམ་རའི་བྱེད་པོའི་དཀའ་ངལ་སེལ་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ། ལས་ཞུགས་བརྟན་པོ་དང་། ཟོག་གོང་བརྟན་པོ། དམངས་འཚོ་འགན་ལེན་བཅས་བྱས་ནས་དཔལ་འབྱོར་ལུགས་མཐུན་གྱི་བར་མཚམས་སུ་འཁོར་རྒྱུག་རྒྱུན་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཁྲང་ཕོ་དབྱིས་རིགས་གྲོང་ཚོར། ལི་ཁེ་ཆང་གིས་མ་རྨོས་ལོ་ཏོག་ཞིང་ཁར་ཕེབས་ཏེ་ལྗང་པའི་སྐྱེ་ཚུལ་ལ་གཟིགས་པ་དང་། འབྲུ་རིགས་འདེབས་པའི་མ་གནས་དང་ཡོང་འབབ་མཁྱེན་རྟོགས་གནང་ཞིང་། ཞིང་པས་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་མ་དངུལ་སྤྲད་པ་ལས་མ་གནས་ཀྱི་གནོན་ཤུགས་ཆུང་དུ་བཏང་སོང་ཞེས་ཞུས། ལི་ཁེ་ཆང་གིས་འབྲུ་རིགས་འབེལ་ན་གནམ་འོག་བདེ་ཞེས་ཟེར་སྲོལ་ཡོད་པས་འབྲུ་རིགས་འདེབས་པ་ནི་བསྙོན་མེད་ཀྱི་དོན་དམ་ཞིག་རེད། ད་ལྟ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་སྔར་བཞིན་མཐོ་པོ་ཡོད་པས། ད་དུང་ཞིང་པར་རོགས་སྐྱོར་བྱས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁ་གསབ་དངུལ་ཐེངས་གཅིག་གང་མགྱོགས་སྤྲོད་དགོས་ཞེས་གསུངས། ཁོང་གིས་གྲོང་མི་དང་བཀའ་མོལ་གནང་སྐབས་ཁེ་ལས་ཆུང་ཕྲན་གྱི་བདག་པོ་དང་སྒེར་གཉེར་ཚོང་པས་མིག་སྔར་དཀའ་ངལ་ཆེ་ལུགས་དང་དངུལ་བུན་འཇལ་ཁག་ལུགས་སྐོར་ཞུས། ལི་ཁེ་ཆང་གིས་ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་སྒེར་གཉེར་བཟོ་ཚོང་དུད་ཚང་ལ་དངུལ་བུན་གཡར་ཡུན་རིང་དུ་གཏོང་བ་དང་མ་རྩ་འགྱངས་ནས་སྤྲོད་ཆོག་པ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་པ་དང་འབྲེལ་དུས་མཚམས་རང་བཞིན་གྱི་སྐྱེད་ཀ་དུས་འགྱངས་གཏོང་བའི་སྲིད་ཇུས་དུས་ཚོད་དམ་འཛིན་བྱས་ནས་འདོན་དགོས་ཞེས་གསུངས་པ་རེད།
     ལི་ཁེ་ཆང་ཆུས་ཅིང་ཞིང་ལས་ཐོན་རྫས་ཉོ་ཚོང་ཁྲོམ་རར་ཕེབས་ནས་ཡུན་ནན་གྱི་སྔོ་ཚལ་ཕྱིར་གཏོང་བྱེད་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཀྱི་ཡོད་པ་མཁྱེན་སྐབས། ཁོང་གིས་ཡུན་ནན་གྱིས་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ཤ་ཚལ་སྒོང་གསུམ་གྱི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་ཐུགས་རེ་གནང་བ་རེད། ཟོག་འདྲེན་ཁ་ལོ་བས་རླངས་འཁོར་ཉོ་སྐབས་རླངས་འཁོར་ཐོན་སྐྱེད་ཚོགས་པའི་ནོར་དོན་ཀུང་སིར་དངུལ་བུན་གཡར་བ་དང་ད་ལྟ་ཡོང་འབབ་ཉུང་དུ་ཕྱིན་པས་དངུལ་བུན་འཇལ་བའི་གནོན་ཤུགས་ཆེན་པོ་འདུག་ཅེས་ཞུས། ལི་ཁེ་ཆང་གིས་ཁ་ལོ་བ་ཚོ་ལས་སླ་པོ་མ་རེད། རླངས་འཁོར་གཅིག་གིས་ལྟོ་གོས་འཕྱིད་ཐབས་བྱེད་དགོས་པ་མ་ཟད། དུད་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཀྱང་ཞུ་དགོས། གཞུང་ཁོངས་རླངས་འཁོར་ཁེ་ལས་ཆེ་གྲས་ཀྱིས་ནུས་པ་འདོན་སྤེལ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་དངུལ་ཁང་དང་ཁེ་ལས་མཉམ་འགུལ་གྱིས་ཟོག་འདྲེན་ཁ་ལོ་བའི་དངུལ་བུན་འཇལ་བའི་དཀའ་ངལ་སྔར་བས་སེལ་རོགས་བྱེད་དགོས་ཞེས་གསུངས་པ་རེད།
     ཡུན་ནན་སློབ་ཆེན་དུ། ལི་ཁེ་ཆང་གིས་སློབ་ཐོན་སློབ་མའི་ལས་ཞུགས་དང་གཉིས་གཏོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་འབྲེལ་ལས་ཞུགས་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པའི་མངགས་བཅོལ་ཡང་གནང་བ་རེད། ཁོང་གིས་སློབ་གྲྭའི་གདན་ཞུ་བྱ་ཡུལ་དུ་ཕེབས་ནས་གན་རྒྱ་འཇོག་ཚུལ་མཁྱེན་རྟོགས་གནང་སྟེ་སློབ་ཐོན་སློབ་མ་ཚོར་བློ་ལ་འབབ་པའི་ལས་གནས་རག་རྒྱུའི་སྨོན་འདུན་ཞུས་གནང་བ་རེད། ལི་ཁེ་ཆང་གིས་སྦྱངས་པར་གྲུབ་འབྲས་ཐོབ་པ་དང་སྦྱངས་པ་གོ་ཆོད་ཐུབ་པ་མ་ཟད། བེད་སྤྱོད་ཀྱང་གང་ལེགས་གཏོང་དགོས། སློབ་གྲྭ་ཐོན་རྗེས་ལས་ཀ་བྱེད་པ་ནི་རྒྱལ་ཁབ་དང་ཁྱིམ་ཚང་ལ་རྒྱུ་ནོར་གཏོད་པ་ཞིག་ཡིན་ལ་སློབ་སྦྱོང་ལ་བརྟག་བཤེར་བྱེད་པ་ཞིག་ཀྱང་རེད་ཅེས་གསུངས། ལི་ཁེ་ཆང་གིས་ད་དུང་སློབ་གྲྭའི་ཧན་ཝུའུ་དུས་རབས་ཀྱི་གནའ་བོའི་སྐྱེ་དངོས་ཞིབ་འཇུག་གི་གྲུབ་འབྲས་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྔོན་ཆད་རྒྱུས་མངའ་ལོན་ན་ད་ཆར་སྟངས་འཛིན་དང་འབྱུང་འགྱུར་འཚོལ་ཞིབ་བྱ་རྒྱུར་ཕན་ཐོགས་ཡོད། ཁུངས་གཏུགས་ཕུགས་འདེད་བྱས་ན་ཚན་རིག་ཞིབ་འཇུག་གཞི་ནས་ཚད་གཞི་མཐོ་ས་དང་རྒྱང་རིང་པོར་སྐྱོད་ཐུབ་ཅེས་གསུངས་པ་རེད།
     ལི་ཁེ་ཆང་ཝུན་ཐའེ་འཕྲིན་གཏོང་ཀུང་སིར་ཕེབས་སྐབས། ཀུང་སི་ནི་དམངས་གཉེར་ཁེ་ལས་ཡིན་ལ་ཕྱི་རྒྱལ་གྱི་མ་དངུལ་ཡང་ནང་འདྲེན་བྱས་ཡོད་པ་དང་། ཐོན་ལས་འཁོར་འབྲེལ་གྱི་ལྷུ་ཚིགས་མང་པོར་སྒོ་དབྱེ་མཉམ་ལས་བྱས་ནས་ལེགས་ཆ་བཏོད་ཡོད་པ་མཁྱེན་རྗེས། ཁོང་གིས་ཁེ་ལས་ལ་སྒྱུར་བཅོས་གསར་གཏོད་དང་སྒོ་དབྱེ་འཕེལ་རྒྱས་ཀྱི་ངར་ཤུགས་དགོས་ལ། རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་ཀྱང་བྱས་ཏེ་ལྡབ་འགྱུར་ནུས་འབྲས་ཤིག་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱིས་ཉེ་རིང་མེད་པར་དབང་བའི་ལམ་ལུགས་ཀྱི་ཁེ་ལས་སྣ་ཚོགས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
     ལི་ཁེ་ཆང་གིས་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གོང་འོག་སེམས་པ་གཅིག་མཐུན་གྱིས་དུས་ངལ་མཉམ་སེལ་དང་དངོས་སྒྲུབ་འབད་འབུངས་བྱས་ཏེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྲོད་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ནས་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ཐུགས་རེ་གནང་བ་རེད།

  
style="display:none;"