མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་མཁྱེན་ལྡན་མ་ས་ལ་ལན་ཏིར་འཕྲིན་ལན་སྤྲིངས་གནང་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 05ཚེས་26ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨའོ་ཝ་ཀྲོའུ་ཡི་མཛའ་གྲོགས་མི་སྣ་མཁྱེན་ལྡན་མ་ས་ལ་ལན་ཏིར་འཕྲིན་ལན་སྤྲིངས་གནང་བ་རེད།
   ཞི་ཅིན་ཕིང་གིས། ང་རང་མཛེས་སྡུག་ལྡན་པའི་ཨའེ་ཨའོ་ཝ་ཀྲོའུ་རུ་འཚམས་འདྲིར་ཐེངས་གཉིས་འགྲོ་མྱོང་ཡོད་ལ། མ་སི་ཁ་ཐིང་གྲོང་ཁྱེར་དང་ཡང་ལས་འཕྲོ་ཟབ་མོ་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོའི་མི་དམངས་ཚང་མ་རླབས་ཆེན་གྱི་མི་དམངས་ཡིན་ཞིང་། མི་དམངས་ཀྱི་མཛའ་གྲོགས་ནི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བར་རྨང་གཞི་གལ་ཆེན་དེ་བས་ཀྱང་བཏིང་ཡོད། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་ཨ་རིའི་མི་དམངས་དང་མཉམ་དུ་མཛའ་གྲོགས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་གསུངས་པ་དང་།
     ཞི་ཅིན་ཕིང་ནས་མཁྱེན་ལྡན་མ་ལན་ཏི་དང་ཨའེ་ཨའོ་ཝ་ཀྲོའུ་ཡི་གྲོགས་པོ་རྙིང་པ་ཚོར་མཛའ་གྲོགས་ཀྱི་ས་བོན་མུ་མཐུད་བཏབ་སྟེ། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལ་ལེགས་སྐྱེས་གསར་པ་འབུལ་བའི་སྐུལ་ལྕག་གནང་བ་རེད།
   མཁྱེན་ལྡན་མ་ས་ལ་ལན་ཏིས་སྤྱི་ལོ་1985ལོར་སྐབས་དེ་དུས་ཧོ་པེ་ཀྲེང་ཏིང་རྫོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་མ་སི་ཁ་ཐིང་གྲོང་ཁྱེར་དུ་འཚམས་འདྲི་གནང་བར་ཕེབས་དུས་སྣེ་ལེན་ཞུ་མྱོང་ཡོད། སྤྱི་ལོ་2012ལོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པའི་ཞི་ཅིན་ཕིང་གིས་ཨ་རིར་འཚམས་འདྲི་གནང་རིང་། སླར་ཡང་ལན་ཏིའི་ཁྱིམ་དུ་ཕེབས་ནས་ཨ་རིའི་གྲོགས་པོ་རྙིང་པ་ཚོར་མཇལ་འཕྲད་གནང་བ་རེད། ཉེ་ཆར། ལན་ཏིས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོགས་པོ་རྙིང་པར་མཛའ་གྲོགས་ཟབ་མོ་བཅངས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། རྒྱལ་ཁབ་གཉིས་པོས་མི་ཆོས་རིག་གནས་ཀྱི་འགྲོ་འོང་མུ་མཐུད་ཟབ་ཏུ་བཏང་ནས། ཕན་ཚུན་རྒྱུས་མངའ་དང་ཡིད་ཆེས་ཟབ་ཏུ་གཏོང་བའི་རེ་བ་གནང་བ་རེད། ལན་ཏིས་འཕྲིན་ཡིག་དང་མཉམ་དུ་ད་དུང་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ཁོང་གིས་བྲིས་པའི《གྲོགས་པོ་རྙིང་པ། ཞི་ཅིན་ཕིང་དང་ཨའེ་ཨའོ་ཝའི་གཏམ་རྒྱུད》ཅེས་པའི་དྲན་ཐོའི་དཔེ་དེབ་ཅིག་སྤྲིངས་ཡོད་པ་རེད།

  
style="display:none;"