མི་དམངས་དྲ་བ།

༄༅།།ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་དུ་གྲོལ་བ།

གསར་འགྱུར་སྤེལ་དུས།  【2022ལོའི་ཟླ་ 10ཚེས་24ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

     སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་བ། ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་སྐབས་གསར་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ་དང་། དེ་བཞིན་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་རྗེས། ཚེས་22ཉིན་གྱི་སྔ་དྲོ་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།
     ཚོགས་ཆེན་ཐོག་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། སྟོང་གཏམ་གྱིས་རྒྱལ་དོན་འཕྱུག་པ་དང་དོན་དམ་གྱིས་རྒྱལ་ཁབ་དར་བ་བློ་ལ་བརྟན་པོར་ངེས་ནས། ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་མཐུན། དཀའ་སྤྱད་སྙིང་རུས་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
     བློ་མཐུན་ཞི་ཅིན་ཕིང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
     ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཏིང་ཤུའེ་ཞང་། ཝང་ཁྲེན། ལིའུ་ཧོ། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཞི། ལི་ཆང་། ལི་ཧུང་ཀྲུང་། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཞི། ཁྲེན་ཆོན་གོ ཁྲེན་མེན་ཨེར། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཧུའུ་ཅིན་ཐའོ། ལི་རུའེ་ཧོན། དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ཡིའུ་ཆོན། ཀྲང་ཆིང་ལི་བཅས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།
     སྔ་དྲོའི་ཆུ་ཚོད་དགུ་པར་མཇུག་འགྲིལ་ཚོགས་འདུ་འགོ་ཚུགས་པ་རེད།
     དེ་ཉིན་གྱི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་དང་ཆེད་མངགས་གདན་ཞུས་འཐུས་མི་2378ཡིན་ཞིང་། དངོས་སུ་འཐུས་མི་2338ཞུགས་ཡོད། དངོས་སུ་ཞུགས་པའི་འཐུས་མིའི་མི་གྲངས་དེ་ཞུགས་དགོས་པའི་འཐུས་མིའི་ཕྱེད་ཀ་ཡན་བརྒལ་བས་ཚོགས་ཆེན་གྱི་འདེམས་བསྐོ་བྱ་ཐབས་ཀྱི་གཏན་འབེབས་དང་མཐུན་ཡོད་པ་རེད།
     ཚོགས་འདུའི་ཐོག་དང་ཐོག་སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་2དང་འདེམས་ཤོག་ལྟ་ཞིབ་པ་36གི་མཚན་ཐོར་གྲོས་འཆམ་བྱུང་བ་རེད།
     སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཚོགས་འདུར་ཞུགས་པའི་འཐུས་མི་དང་ཆེད་མངགས་གདན་ཞུས་འཐུས་མིས་མིང་མ་བཀོད་པའི་འདེམས་ཤོག་འཕེན་ཐབས་ཀྱི་ཐོག་ནས་ཨུ་ཡོན་205དང་རྗེས་སྣོན་ཨུ་ཡོན་171ལས་གྲུབ་པའི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་133བདམས་པ་རེད།
     ཆུ་ཚོད་11དང་སྐར་མ་9ཡི་ཐོག་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་འདེམས་ཐོན་བྱུང་བ་ཁྱབ་བསྒྲགས་གནང་མ་ཐག་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་པ་རེད།
     དེ་རྗེས་ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གནང་བའི་སྙན་སྒྲོན་ལ་ཆོག་མཆན་གནང་བ་རེད། གྲོས་ཆོད་ནང་བསྟན་དོན། ཚོགས་ཆེན་ཐོག་གྲོས་འཆམ་བྱུང་བའི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་ནི་ཏང་དང་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་དང་། ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་རྩ་འཛིན། མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་བཅས་རེད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། སྙན་སྒྲོན་ནང་རྒྱས་བཤད་བྱས་པའི་ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་དེ་ཚོགས་ཆེན་གྱི་བླ་སྲོག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་སྤྱིའི་རྩ་འཛིན་ཡང་ཡིན། ཏང་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ། བློ་མཐུན་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་འཛུགས་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ཏེ། རང་རྟོན་རང་སྟོབས་དང་། གཞུང་འཁྱོངས་གསར་འབྱེད། འབད་འབུངས་ཡར་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།
     ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་གྱི་ལོ་ལྔ་ནི་རྒྱུན་ལྡན་གཏན་ནས་མིན་པ་དང་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་རེད། ལོ་ལྔའི་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དུས་གནས་རྟོགས་དཔྱོད་དང་གཞུང་འཁྱོངས་གསར་འབྱེད་བྱས་ཏེ། འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་དང་གཅིག་རྗེས་གཉིས་མཐུད་ངང་ཐོན་པའི་ཉེན་ཁ་དང་འགྲན་སློང་ཆེན་པོར་ཁ་གཏད་ནུས་ལྡན་བཅག་པ་དང་། འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་སྐུལ་འདེད་བཏང་བ། ཡུན་རིང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་བསལ་བ། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་བྱ་བ་གལ་ཆེན་མང་པོ་བསྒྲུབས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་འཐོབ་པར་སྐུལ་འདེད་བཏང་ཡོད།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུའི་ནང་། ང་ཚོས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་ལྡན་པའི་དོན་ཆེན་གསུམ་བརྒྱུད་པ་སྟེ། གཅིག་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་བསུ་བ་ཞུས་པ་དང་། གཉིས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ། གསུམ་ནི་དབུལ་སྒྲོལ་འགག་སྒྲོལ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་རྒྱུས་ཀྱི་ལས་འགན་བསྒྲུབས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་བཅས་རེད།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་དང་འབད་འཐབ་བྱས་ནས་བྱུང་བ་ཞིག་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་གལ་འགངས་ཆེ་ཤོས་ནི“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་རང་རྟོགས་ངང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་ནི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་གསར་གཏོད་ཕོད་པར་བྱས་ཏེ། མཐོང་རྒྱ་གསར་རྐྱང་ལ་བརྟེན་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་ཟབ་ཏུ་བཏང་སྟེ་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད་ལ། དེ་དག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལས་གཅིག་སྡུད་ཀྱིས་མངོན་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་བཏོན་པའི“གཏན་ལ་ཕབ་པ་བཅུ”དང་། “རྒྱུན་འཁྱོངས་བཅུ་བཞི” “ཕྱོགས་བཅུ་གསུམ་ཐད་ཀྱི་གྲུབ་འབྲས”བཅས་ཀྱིས་དགོངས་པ་འདིའི་ནང་དོན་གཙོ་བོ་སྙིང་བསྡུས་བྱས་ཡོད་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད་མུ་མཐུད་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏོང་དགོས།
     ཚོགས་ཆེན་ཐོག་བཏོན་གནང་དོན། ད་ལྟ་ནས་བཟུང་། ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཚར་བར་བྱེད་པ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱས་ཏེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་འདི་རེད།
     ཚོགས་ཆེན་ཐོག་བསྟན་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་སྤྱིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ནི་གོམ་སྟབས་གཉིས་ལ་ཕྱེ་ནས་སྤོ་དགོས་པ་སྟེ། 2020ལོ་ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་ཐུབ་པར་བྱེད་དགོས། འབྱུང་འགྱུར་གྱི་ལོ་ལྔ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་འགག་རྩའི་དུས་སྐབས་ཤིག་རེད།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། མདུན་སྐྱོད་ཀྱི་ལམ་བུར་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་གལ་ཆེན་དག་ཁོང་དུ་ནན་པོ་ཆུད་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱེད་དགོས།
     ཚོགས་ཆེན་ཐོག་སྙན་སྒྲོན་ནང་འབྱུང་འགྱུར་དུས་སྐབས་ཤིག་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཐད་གནང་བའི་འཐབ་ཇུས་བཀོད་སྒྲིག་ལ་མོས་མཐུན་གནང་བ་རེད།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་བྱེད་དགོས།
     ཚོགས་ཆེན་ཐོག་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩ་ཏང་ལ་ཐུག་ཡོད། ངེས་པར་དུ་རྒྱུན་སྲིང་ལྷོད་མེད་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་ལ་སྐུལ་འདེད་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་སྐྱེད། ཏང་གི་རང་ངོས་གསར་བརྗེའི་ལམ་ལུགས་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་མོ་འཁུར་ཐུབ་ཅིང་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་བྱེད་ནུས་ཆེ་རུ་གཏོང་བ། ནན་པོའི་དགོངས་གཞི་ལ་བརྟེན་ནས་སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རྒྱུན་འཁྱོངས། རུལ་རྒོལ་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་བཅས་བྱེད་དགོས།
     ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་རེད། ཚོགས་ཆེན་ཐོག་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།
     ཚོགས་ཆེན་ཐོག《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ཞིང་། བཟོ་བཅོས་འཆར་ཟིན་འདི་གྲོས་འཆམ་བྱུང་ཉིན་ནས་བཟུང་ནུས་པ་ཐོན་པའི་གཏན་འབེབས་གནང་བ་རེད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཀྱང་ཡིན། ཚོགས་ཆེན་ཐོག ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཕེལ་རྒྱས་གསར་པ་ཏང་གི་སྒྲིག་ཡིག་ནང་བཀོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ཀྱི་གྲུབ་འབྲས་ལ་སྐུལ་འདེད་གཏོང་ལུགས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་རྒྱུར་མོས་མཐུན་གཅིག་མཐུན་གནང་བ་རེད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ཁྲོད། ཏང་གིས་སྔ་བར་ཕྱི་གསུམ་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོར་མཐུན་སྒྲིལ་དང་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ནང་ཆེས་རླབས་ཆེ་བའི་ལོ་རྒྱུས་སྙན་ངག་བརྩམས་ཡོད་ཅིང་། གྲུབ་འབྲས་རླབས་པོ་ཆེ་རབ་དང་རིམ་པ་བཏོད་ཡོད་པ། རྩ་ཆེའི་ལོ་རྒྱུས་ཉམས་མྱོང་གསོག་འཇོག་བྱས་ཡོད། ཚོགས་ཆེན་ཐོག་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་གནང་བ་རེད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་ཏང་དང་མི་དམངས་ཀྱི་ཚབ་ཞུས་ནས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱུང་བ་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་ཕྱོགས་སུ་སྐྱོད་བཞིན་པ་བཅས་བརྗིད་ཆེའི་ངང་ཁྱབ་བསྒྲགས་གནང་བ་དང་། ཏང་གི་སྒྲིག་ཡིག་ལ་ཡང་འདི་གཞིར་བཟུང་ནས་བཟོ་བཅོས་འོས་འཚམ་བརྒྱབ་ཡོད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་ཀྲུང་གོའི་རྣམ་པའི་དེང་རབས་ཅན་བརྒྱུད་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བཏོན་པ་དང་དེ་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཀྲུང་གོ་གུང་ཁྲན་ཏང་གི་ལྟེ་བའི་ལས་འགན་ལ་གཏན་འཁེལ་བྱས་ཡོད། སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་གཙོ་བོ་བྱས་པའི་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བ་དང་། རྩོལ་བསྟུན་ཐོབ་སྤྲོད་ཀྱི་སྣ་མང་ཐོབ་སྤྲོད་བྱེད་སྟངས་མཉམ་དུ་གནས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཀ་རྟེན་གལ་ཆེན་ཡིན། ཚོགས་ཆེན་ཐོག་གོང་གསལ་གྱི་ནང་དོན་རྣམས་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་གནང་བ་དང་། མི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་ཡོང་བར་བྱ་རྒྱུ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པར་བྱ་རྒྱུ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱ་རྒྱུ། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་བོ་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་གཏོང་བའི་གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་གཏོད་རྒྱུ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། ཤེས་ལྡན་མི་སྣའི་ཐོན་ཁུངས་ཨང་དང་པོ་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱ་རྒྱུ། རྒྱལ་དམངས་དཔལ་འབྱོར་སྤུས་ཚད་དེ་བས་ལེགས་པ་དང་ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་གཞག དེ་བས་རྒྱུན་མཐུད་ཆོག་པ། དེ་བས་བདེ་འཇགས་གོང་འཕེལ་ཡོང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་གནང་བ་རེད།
     ཚོགས་ཆེན་ཐོག་ངོས་འཛིན་གནང་དོན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་ནི་རླབས་ཆེ་ལ་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པ་དང་། མདུན་ལམ་འོད་ཟེར་ལྡན་པ་དང་ལས་འགན་ལྕི་ལ་ལམ་ཐག་རིང་བ་ཞིག་ཡིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་ནི། གོམ་སྟབས་གཉིས་ལ་ཕྱེ་ནས་སྤོ་དགོས་པ་སྟེ། 2020ལོ་ནས་2035ལོའི་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བར་བྱེད་པ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྐྲུན་ཐུབ་པ་བྱེད་དགོས། ཏང་གི་སྒྲིག་ཡིག་ལ་ཡང་འདི་གཞིར་བཟུང་ནས་བཟོ་བཅོས་འོས་འཚམ་བརྒྱབ་ཡོད།
     ཚོགས་ཆེན་ཐོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། དེ་བས་རྒྱ་ཆེ་བ་དང་དེ་བས་ལེགས་པ། དེ་བས་འཐུས་ཚང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུ། དམངས་གཙོའི་འདེམས་བསྐོ་དང་དམངས་གཙོའི་གྲོས་མོལ། དམངས་གཙོའི་ཇུས་བཀོད། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་དང་གོ་རིམ་འཐུས་སྒོ་ཚང་དུ་གཏོང་རྒྱུ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ་བཅས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུར་མོས་མཐུན་གནང་བ་རེད།
     ཚོགས་ཆེན་ཐོག བདེན་དོན་རྒྱུན་འཁྱོངས་དང་ཕུགས་འདུན་བརྟན་སྲུང་དང་། ཐོག་མའི་བསམ་འདུན་དོན་གཉེར་དང་འགན་འཁྲི་འཁུར་ཕོད་པ། རང་སྲོག་བློས་གཏོང་ལ་མི་སྐྲག་པ་དང་དཔའ་ངར་ཆེན་པོས་འཐབ་རྩོད་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་དང་མི་དམངས་ཀྱི་རེ་བ་ཆུད་ཟོས་སུ་མི་གཏོང་བ་བཅས་ཀྱི་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་དང་། རང་ངོས་གསར་བརྗེ་རླབས་པོ་ཆེར་བརྟེན་ནས་སྤྱི་ཚོགས་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པ་སོགས་ཀྱི་བླང་བྱ་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུ་དང་། ངེས་པར་དུ་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་མཐོ་རུ་གཏོང་བ་དང་། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་གཏོང་བ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་ལ་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ཚར་དུས་མེད་པ། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་ཆེ་རུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་སོགས་ཀྱི་ནང་དོན་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱེད་པ་ཏང་འཛུགས་སྐྱོང་གི་གཞི་རྩའི་བླང་བྱའི་གྲས་ཤིག་ལ་བརྩི་བ་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུའི་མོས་མཐུན་གནང་བ་རེད།
     ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། ང་ཚོ་ནི་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ངོས་ནས་འོས་འགན་གཟི་བརྗིད་ཆེ་ལ་འགན་འཁྲི་ཤིན་ཏུ་ལྕི་བས། ངེས་པར་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལ་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་ལེན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། དེ་བས་རང་རྟོགས་ངང་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་། བརྩི་སྲུང་། ལག་བསྟར། སྲུང་སྐྱོང་བཅས་བྱས་ཐོག་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ། རྒྱལ་སྲིད་ནི་མི་དམངས་དང་། མི་དམངས་ནི་རྒྱལ་སྲིད་ཡིན་པ་བློ་ལ་བརྟན་པོར་ངེས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། སྔ་བར་ཕྱི་གསུམ་དུ་མི་དམངས་དང་མཉམ་དུ་ལངས་པ་དང་། བསམ་བློ་གཅིག་ཏུ་གཏོང་བ། ལས་ཀ་མཉམ་དུ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་མི་དམངས་མང་ཚོགས་ཀྱི་འབོད་སྒྲ་གོང་ཞུ་ཧུར་ཐག་བྱེད་པ། འཐུས་མིའི་འགན་འཁྲི་ཡང་དག་སྒྲུབ་པ། རང་རྟོགས་ངང་ཏང་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་བྱེད་དགོས། “རྒྱལ་ཁབ་ཀྱི་དོན་ཆེན”ངེས་པར་དུ་བློ་ལ་བརྟན་པོར་ངེས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྣེ་ཁྲིད་ནས་སྲུང་སྐྱོང་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་སྣེ་ཁྲིད་ནས་བརྩི་སྲུང་ཞུ་བ། སྣེ་ཁྲིད་དེ་ཏང་གཤིས་བློ་སྦྱོང་དང་བྱང་ཚད་ནུས་པ་མཐོ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་འདོན་པ་དང་། ཏང་ཡོན་ཡོངས་ལ་མིག་དཔེ་འདོན་པ། རྒྱ་ཆེའི་ཏང་ཡོན་གྱི་ཡིད་ཆེས་ཆུད་ཟོས་སུ་མི་གཏོང་བ་བཅས་བྱེད་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུ་བརྒྱུད་མྱོང་བ་དང་། སླར་ཡང་རྒྱུགས་འབུལ་གྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་ཡོད། ལོ་བརྒྱའི་རིང་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེ་དང་། སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བཅས་ཀྱི་རྒྱལ་ཁ་རླབས་པོ་ཆེ་བླངས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཏོད་ཡོད། ལོ་བརྒྱའི་གྲུབ་འབྲས་འགྲན་མེད་འོད་སྟོང་ལྡན་པ་དང་། ལོ་བརྒྱའི་ཏང་ཆེན་པོ་གཟི་དཔལ་རྒྱས་སྒང་ཡིན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་འཛམ་གླིང་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་བའི་ངོ་མཚར་སྔར་བས་ལྷག་པ་གཏོད་ཐུབ་རྒྱུར་ང་ཚོར་སེམས་ཤུགས་དང་ནུས་པ་རྦད་དེ་ལྡན་ཡོད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་ཆེ་རུ་གཏོང་བ། འཐབ་རྩོད་བྱེད་ཕོད་པ་དང་རྒྱལ་ཁ་ལེན་ཕོད་པ། དཀའ་སྤྱད་འབད་བརྩོན་དང་སྙིང་རུས་བརྟན་འཁྱོངས་བཅས་བྱས་ཏེ་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་སྒྲའི་ཁྲོད་དུ་ཚོགས་ཆེན་བདེ་བླག་ངང་མཇུག་འགྲིལ་བ་རེད།

ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཡོད་པ།
ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཝང་ཆི་ཧྲན། ཧུའུ་ཅིན་ཐའོ་བཅས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཡོད་པ།

  
style="display:none;"