མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅུ་རོན་ཕུའུ་ཀྲུང་
དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་09ཉིན། 09:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅུ་རོན་ཕུའུ་ཀྲུང་
དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་7ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་དང་གྲོས་མོལ་གནང་ཞིང་། ཏང་གཉིས་ཀྱི་སྤྱི་ཁྱབ་ཧྲུའུ་ཅིས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཏང་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་སོགས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་དང་འབྲེལ་གལ་ཆེའི་ཐུན་མོང་གི་ངོས་འཛིན་ཞིག་འཇོག་ཐུབ་པ་བྱུང་ཡོད། ཕྱོགས་གཉིས་པོས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་དང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཡུན་རིང་བརྟན་ལྷིང་དང་། འབྱུང་འགྱུར་ལ་ཕྱོགས་པ། ཁྱིམ་མཚེས་མཛའ་མཐུན་གྱི་འབྲེལ་བ། ཕྱོགས་ཡོངས་མཉམ་ལས་བཅས་ཀྱི་བྱེད་ཕྱོགས་དང་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། བློ་མཐུན་ཡག་པོ། རོགས་ཟླ་ཡག་པོ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་སྲོལ་རྒྱུན་མཛའ་གྲོགས་ནི་ཕྱོགས་གཉིས་པོའི་འགོ་ཁྲིད་རྒན་རབས་ཚོས་བཏོད་པ་ཞིག་ཡིན་ལ་ཏང་གཉིས་དང་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་ཆེའི་ནོར་བུ་ཞིག་ཀྱང་ཡིན་པས་དེ་བས་གཅེས་འཛིན་ལྡབ་བརྒྱ་བྱེད་པ་དང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་རང་བཙན་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ནང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བྱས་པ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་བྱ་གཞག་ནང་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་རམ་བྱས་ཡོད། དུས་རབས་གསར་པ་ཤར་ཚུན་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཉིས་ཕན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཏན་ཏན་ཏིག་ཏིག་གི་ཕན་པ་ཐོབ་ཡོད་ལ། ས་ཁུལ་གྱི་ཞི་བདེ་དང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཕན་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཝེ་ཐེ་ནམ་ལ་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ལ། མཛའ་གྲོགས་མཉམ་ལས་ནི་གཙོ་རྒྱུན་ཡིན་པས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་དུས་བབ་བཟང་པོ་དང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཇུས་ཆེན་གཙོ་བོར་བཞག་སྟེ་ཕན་ཚུན་བརྩི་འཇོག་དང་། མཛའ་གྲོགས་གྲོས་མོལ། མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག ཕྱོགས་འགལ་དོ་དམ་དང་ཚོད་འཛིན་བཅས་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཡང་དག་ཁ་ཕྱོགས་སྟངས་འཛིན་བྱས་ནས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་ཡུན་རིང་བརྟན་ལྷིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།
         རོན་ཕུའུ་ཀྲུང་གིས་ང་ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་ཡོད་ལ། ཀྲུང་གོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་མྱོང་ཚོར་ཐུབ་བྱུང་། ཝེ་ཐེ་ནམ་གྱི་ཏང་དང་། སྲིད་གཞུང་། མི་དམངས་བཅས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་ནང་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ཆེན་པོར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ལ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་རྒྱུའི་དམིགས་ཚད་སྔ་ཙམ་མངོན་འགྱུར་ཐུབ་རྒྱུའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
         གྲོས་མོལ་གྲུབ་རྗེས་ཞིས་ཅིན་ཕིང་དང་རོན་ཕུའུ་ཀྲུང་གིས་ཐུན་མོང་ཐོག་<<ཀྲུང་གོ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་གུང་ཁྲན་ཏང་གི་མཉམ་ལས་འཆར་གཞི་(2016ལོ་ནས་2020ལོ་བར)>>དང་དེ་བཞིན་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད། རིག་གནས། ཁྲིམས་འཛིན། ནོར་དོན། ཞི་བདེ་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་དཔང་པོ་གནང་བ་རེད།
         གྲོས་མོལ་གྲུབ་རྗེས་ཞིས་ཅིན་ཕིང་དང་རོན་ཕུའུ་ཀྲུང་སྐབས་བཅོ་ལྔ་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་གཞོན་ནུའི་མཛའ་གྲོགས་ཐུགས་འཕྲད་ཀྱི་བྱེད་སྒོའི་ནང་ཞུགས་པ་དང་འབྲེལ་རྒྱལ་ཁབ་གཉིས་ཀྱི་གཞོན་ནུའི་འཐུས་མིར་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་འབྲེལ་མཉམ་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།