མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《མི་རིགས་ས་ཁོངས་རང་སྐྱོང་
ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་》ཞེས་པའི་
རྒྱབ་ཤ་དཀར་པོའི་དེབ་སྤེལ་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《མི་རིགས་ས་ཁོངས་རང་སྐྱོང་
ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་》ཞེས་པའི་
རྒྱབ་ཤ་དཀར་པོའི་དེབ་སྤེལ་བ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་སྤེལ་བའི་ནང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ད་བར་ལོ་50ལས་ཕྱིན་མེད་ཀྱང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད། དེང་སྐབས་ཀྱི་བོད་ནི་ལོ་རྒྱུས་ཐོག་འོད་སྟོང་འཕྲོ་ཤོས་ཀྱི་དུས་སྐབས་ཤིག་ཡིན་ཞེས་འཁོད་ཡོད་པ་རེད།
        རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་དེ་ཀྲུང་གོའི་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་ཀྱི་གཞི་རྩའི་གནས་ཚུལ་དང་བོད་ས་གནས་ཀྱི་དོན་དངོས་དང་མཐུན་ཡོད། བོད་ལྗོངས་དེ་ཉིད་མི་རིགས་ས་ཁོངས་རང་སྐྱོང་གི་འགྲོ་ལམ་དུ་བསྐྱོད་པ་ནི་མི་དམངས་ཡར་ལངས་བཅིངས་འགྲོལ་དང་རང་ཁྱིམ་རང་བདག་བྱུང་བའི་གདམ་ག་ཡང་དག་ཅིག་ཡིན་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ཆ་ཚང་ལ་ཡིག་འབྲུ་ཁྲི་2.2ཙམ་ཡོད་པ་དེའི་ནང་གྲངས་གཞི་དང་དོན་དངོས་འབོར་ཆེན་ཞིག་དྲངས་ཏེ་བོད་དུ་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པའི་སྔ་རྗེས་སུ་བྱུང་བའི་འགྱུར་ལྡོག་ཆེན་པོ་ཕྱོགས་བརྒྱད་ཐད་ནས་ངོ་སྤྲོད་བྱས་པ་དེའི་ནང་བོད་རྙིང་པའི་མུན་ནག་དང་རྗེས་ལུས་དང་། འཕེལ་རྒྱས་ཡར་ཐོན་གྱི་འགྲོ་ལམ་ཐོག་སྐྱོད་པ། རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་ཆབ་སྲིད་ལམ་ལུགས། མི་དམངས་རང་ཁྱིམ་རང་བདག་འགན་སྲུང་། མི་དམངས་ཀྱི་བདེ་རྩ་ཆེ་རུ་ཤུགས་ཆེན་བཏང་བ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་དར་སྤེལ། ཆོས་དད་རང་མོས་ལ་བརྩི་བཀུར་དང་སྲུང་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཅས་ཚུད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་བར་བོད་ཀྱི་སྤྱི་ཚོགས་སྔར་བཞིན་ཆོས་སྲིད་ཟུང་འབྲེལ་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་གནས་པ་དང་། ལོ་བརྒྱ་ཕྲག་ཁ་ཤས་གནས་པའི་མུན་ནག་གི་ལམ་ལུགས་དེས་འགྲོ་བ་མིའི་ཐོབ་ཐང་ལ་མགོ་གནོན་བྱས་པ་དང་། མི་གཤིས་ལ་མནར་གཅོད་བཏང་བ་དེ་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཆེས་རྗེས་ལུས་ཀྱི་ལམ་ལུགས་ཤིག་རེད། 1959ལོར་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་1965ལོར་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་ནས་བཟུང་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གསར་རྐྱང་བཙུགས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་ཡོད། བོད་ལྗོངས་དེ་ཉིད་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་འདྲ་མཉམ་གོང་འཕེལ། ཐུན་མོང་ཐོག་དར་རྒྱས་ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་ལམ་ཆེན་ཐོག་གྲུབ་འབྲས་ཐོབ་པའི་སྒོ་ནས་བསྐྱོད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་ནས་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་དང་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་བདག་པོར་འགྱུར་ཆེད། ལམ་ལུགས་རང་བཞིན་གྱི་འགན་ལེན་བྱས་ཡོད། འོན་ཏེ་ལོ་མང་རིང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས“བོད་རང་བཙན”གྱི་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ཏེ“དབུ་མའི་ལམ”རྒྱུན་ཆད་མེད་པར་འུད་སྒྲོག་དང“བོད་ཆེན་པོ”དང“ཚད་མཐོའི་རང་སྐྱོང”ཟེར་བ་སྐད་ཅོར་བརྒྱབ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྩིས་མེད་དུ་གཏོང་བ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག་གི་བོད་ཀྱི་འཕེལ་རྒྱས་དང་ཡར་ཐོན་རྩིས་མེད་དུ་གཏོང་གི་ཡོད། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ཁ་ཕྲལ་བྱེད་སྤྱོད་དེ་ཀྲུང་གོའི་རྩ་ཁྲིམས་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ལམ་ལུགས་དང་རྦད་དེ་རྒྱབ་འགལ་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོ་གི་ཡོད་པས། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚུད་པའི་ཀྲུང་གོ་མི་དམངས་ཡོངས་ཀྱི་སེམས་ཐག་གཙང་བཅད་ཀྱི་ངོ་རྒོལ་ཕོག་པས་ཕམ་ཉེས་ཀྱི་ལས་དབང་ལས་ལྡོག་ཐབས་མེད།
         རྒྱབ་ཤར་དཀར་པོའི་དེབ་ནང་འཁོད་དོན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འོག་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་ཏེ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་པ་དང་མི་དམངས་ཀྱི་འཚོ་གནས་དབང་ཆ་དང་འཕེལ་རྒྱས་དབང་ཆ་འགན་ལེན་ནུས་ལྡན་བྱུང་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད། དེང་དུས་བོད་དུ་སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་ངང་བོད་ཀྱི་རིག་གནས་ལ་འཕེལ་ཤུགས་གསར་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་འཁོད་དོན། ལོ་མང་རིང་ཀྲུང་དབྱང་སྲིད་གཞུང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་སྤྱི་དམངས་ཀྱི་ཆོས་དད་རང་མོས་ཀྱི་དབང་ཆར་བརྩི་འཇོག་གང་ལེགས་བྱེད་པ་དང་ཆོས་ལུགས་ཁག་དང་གྲུབ་མཐའ་ཁག་ཀྱང་འདྲ་མཉམ་ངང་བརྩི་འཇོག་དང་སྲུང་སྐྱོང་ཐོབ་པ་དང་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོ་དང་ཆོས་དད་ལ་ཁྲིམས་ལྟར་སྲུང་སྐྱོང་ཐོབ་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། ལོ་མང་རིང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་དཔལ་འབྱོར་གྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་ལ་བརྩི་སྲུང་བྱེད་པ་དང་། དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་མཐོང་ཆེན་བྱས་ནས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཡོད། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དང་དེ་བཞིན་སྣོད་བཅུད་བོད་ལྗོངས་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་གྱི་འབད་འཐབ་དམིགས་ཚད་བཏོན་ཏེ་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་བསྟན་དོན། འདས་ཟིན་པའི་ལོ་50ཡི་ནང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་བརྒྱུད། བོད་དེ་རྗེས་ལུས་ནས་ཡར་ཐོན་དང་། དབུལ་པོ་ནས་འབྱོར་ཕྱུག བཀག་སྡོམ་ནས་སྒོ་དབྱེ་བཅས་ཀྱི་ཕྱོགས་སུ་བསྐྱོད་ནས་སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་སྤྱི་ཚོགས་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་བསྟར་བྱས་པ་དེ་ནི་བོད་ཀྱི་ལོ་རྒྱུས་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་གྱི་ཕྱི་རོལ་ཡུལ་གྱི་བླང་བྱ་ཡིན་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་དང་འཚམ་པ་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་བྱུང་ཡོད།

༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་《མི་རིགས་ས་ཁོངས་རང་སྐྱོང་
ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་》ཞེས་པའི་
རྒྱབ་ཤ་དཀར་པོའི་དེབ་སྤེལ་བ།