མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐའེ་དབན་གྱི་ལས་རིགས་ཁག་གི་འཐུས་མིའི་མི་སྣ་དང་
མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་03ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

༄༅།།སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐའེ་དབན་གྱི་ལས་རིགས་ཁག་གི་འཐུས་མིའི་མི་སྣ་དང་
མཇལ་འཛོམས་གནང་བ།

     མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་གྱི་སྔ་དྲོ་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོའི་བྱེད་སྒོར་ཞུགས་པར་ཕེབས་པའི་ལེན་ཀྲན་སོགས་ཐའེ་དབན་གྱི་ལས་རིགས་ཁག་གི་མི་སྣའི་འཐུས་མི་དང་མཇལ་འཛོམས་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་རྒྱལ་ཁ་ནི་ཉེ་རབས་ནས་བཟུང་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་འགོག་རྒོལ་བྱེད་པའི་ཆ་ཚང་བའི་རྒྱལ་ཁ་ཐེངས་དང་པོ་དེ་ཡིན་ཞིང་། དེ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་མི་རིགས་ཧྲིལ་པོའི་མཐུན་སྒྲིལ་འབད་འཐབ་ཀྱི་འབྲས་བུ་ཞིག་རེད། ངོགས་གཉིས་ཀྱི་སྤུན་ཟླས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ། རྒྱལ་ཁའི་འབྲས་བུར་སྲུང་སྐྱོང་བཅས་བྱས་ནས་ལག་གདང་སྦྲེལ་ཏེ་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་1931ལོའི“ཟླ་དགུ་ཚེས་བཅོ་བརྒྱད”ཀྱི་དུས་འགྱུར་དང་ལྷག་པར་དུ་1937ལོའི་ཕྱོགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་རྗེས་སྔར་བྱུང་མྱོང་མེད་པའི་མི་རིགས་ཀྱི་ཆག་སྒོས་སྔར་བྱུང་མྱོང་མེད་པའི་མི་རིགས་ཀྱི་གོ་རྟོགས་སད་རྒྱུར་འབོད་སྐུལ་བྱས་ཡོད། ཕྱི་དགྲའི་བཙན་འཛུལ་དང་མི་རིགས་ཆགས་འཇིག་གི་འགག་རྩའི་སྐབས་སུ་རྒྱལ་ཡོངས་མི་དམངས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་དཔའ་ངར་ཆེར་བསྐྱེད་བྱས་ཏེ་རི་པིན་དམག་རྒྱལ་རིང་ལུགས་བཙན་འཛུལ་པ་དང་སྲོག་བསྡོས་འཐབ་རྩོད་བྱས་པ་རེད། གོ་གུང་ཏང་གཉིས་པོས་མཉམ་ལས་བྱས་ཏེ་རི་འགོག་མི་རིགས་འཐབ་ཕྱོགས་གཅིག་གྱུར་བཙུགས་པ་དང་། ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱིས་ཏང་ཤོག་དང་། མི་རིགས། གྲལ་རིམ། ས་ཁམས་བཅས་མ་ཕྱེ་བར་ཀུན་སེམས་གཅིག་མཐུན་དང་དགྲ་ལ་མཉམ་སྡང་བྱས་ཏེ་ཁྲག་དྲོན་དང་ལུས་སྲོག་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་མི་རིགས་ཀྱི་ལ་རྒྱ་སྲུང་ཡོད། མདུན་ཕྱོགས་ཀྱི་འཐབ་ས་དང་དགྲ་བོའི་རྒྱབ་ཕྱོགས་ཀྱི་འཐབ་ས་ཕན་ཚུན་གཞོགས་འདེགས་བྱས་པ་དང་། མཉམ་རུབ་དམག་འཐབ་བྱས་ནས་ཚང་མས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ་དང་། རི་ཀླུང་སྒུལ་ཐུབ་པ་ལྟ་བུའི་རི་འགོག་དམག་འཁྲུག་གི་དཔའ་བོ་འབོར་ཆེན་ཞིག་ཐོན་ཡོད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་དཔའ་ངར་ཆེན་པོས་རང་སྲོག་བློས་གཏོང་མཁན་སྔོན་གཤེགས་དཔའ་བོ་ཚོ་ལོ་རྒྱུས་ཀྱིས་ནམ་ཡང་སེམས་ནང་བརྟན་པོ་ངེས་རྒྱུ་རེད་ཅེས་མཛུབ་སྟོན་གནང་བ་རེད།
     ཞིས་ཅིན་ཕིང་གིས་སྤུན་ཟླ་ཐའེ་དབན་བས་སྔ་ཕྱི་བར་གསུམ་དུ་མེས་རྒྱལ་དང་དབུགས་ལམ་གཅིག་གྱུར་དང་བདེ་སྡུག་མཉམ་མྱོང་བྱས་པ་དང་། སྤུན་ཟླ་ཐའེ་དབན་བའི་རི་འགོག་འཐབ་རྩོད་ནི་མི་རིགས་ཧྲིལ་པོའི་རི་འགོག་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་རེད། རི་པིན་གྱིས་ཐའེ་དབན་བཙན་བཟུང་བྱས་པའི་དུས་རབས་ཕྱེད་ཀའི་རིང་། སྤུན་ཟླ་ཐའེ་དབན་བས་འགོག་རྒོལ་བྱེད་མཚམས་གཏན་ནས་འཇོག་མྱོང་མེད་པ་དང་། སྤུན་ཟླ་ཐའེ་དབན་བ་ཁྲི་བཅུ་ཕྲག་ཁ་ཤས་ཀྱིས་དེའི་ཆེད་དུ་ཁྲག་དྲོན་དང་ལུས་སྲོག་ལེགས་སྐྱེས་ཕུལ་ཡོད། ཕྱོགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་རྗེས་སྤུན་ཟླ་ཐའེ་དབན་བས་སྐམ་ས་ཆེན་པོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནང་ཧུར་ཐག་ཞུགས་པ་དང་རོགས་སྐྱོར་བྱས་པ་དང་། སྤུན་ཟླ་མི་ཉུང་བ་ཞིག་གིས་མེས་རྒྱལ་གྱི་ཆེད་དུ་རང་སྲོག་ཕུལ་ཡོད། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་སྟབས་རི་པིན་གྱིས་ཐའེ་དབན་ལ་ལོ་50ཡི་རིང་གི་མི་སེར་སྤེལ་བའི་དབང་སྒྱུར་བྱེད་མཇུག་འགྲིལ་བ་དང་། ཐའེ་དབན་དེ་ཉིད་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ཉེ་རབས་ལོ་རྒྱུས་ཀྱི་འགྱུར་ལྡོག་ཆེ་བའི་དུས་གནས་བརྒྱུད། ངོགས་གཉིས་ཀྱི་སྤུན་ཟླས་སྐམ་ས་ཆེན་པོ་དང་ཐའེ་དབན་ནི་ཁ་བྲལ་དུ་མི་རུང་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཤིག་ཡིན་པ་དང་། ང་ཚོའི་ལས་དབང་སྔར་ནས་བཟུང་དམ་པོར་སྦྲེལ་བ་མྱོང་ཚོར་ཟབ་མོ་བྱུང་ཡོད། རྒྱལ་ཁབ་སྟོབས་ཆེ་དང་མི་རིགས་སྟོབས་འབྱོར་ལྡན་པ་དེ་ནི་སྤུན་ཟླ་ཐའེ་དབན་བ་ཚུད་པའི་ཀྲུང་གོ་བ་ཚང་མའི་འཚོ་གནས་དང་། འཕེལ་རྒྱས། ལ་རྒྱ་བཅས་ཀྱི་འགན་སྲུང་ཞིག་ཡིན། ང་ཚོས་ལོ་རྒྱུས་ཀྱི་བསླབ་བྱ་བློ་ལ་བརྟན་པོར་ངེས་པ་དང་། རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་གཏོང་བ། ཞི་བདེར་གཅེས་སྤྲས་བྱེད་པ། མཉམ་དུ་འཕེལ་རྒྱས་དོན་གཉེར་བྱེད་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཆེད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་ཐུན་མོང་ཐོག་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།
     ཞིས་ཅིན་ཕིང་གིས་2008ལོ་ནས་བཟུང་གོ་གུང་ཏང་གཉིས་དང་ངོགས་གཉིས་ཀྱི་ཕྱོགས་གཉིས་པོས་ངོགས་གཉིས་ཀྱི་སྤུན་ཟླ་དང་མཉམ་དུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་རྨང་གཞིའི་ཐོག་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་གཏོང་བའི་འགྲོ་ལམ་བཏོད་ཡོད། དེ་ནི་ངོགས་གཉིས་ཀྱི་སྤུན་ཟླའི་མཐུན་སྒྲིལ་འབད་འཐབ་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བ་བྱ་རྒྱུར་ཕན་པ་ཡོད་པའི་འགྲོ་ལམ་ཡང་དག་གཅིག་ཡིན། ངོགས་གཉིས་ཀྱི་སྤུན་ཟླས་འགྲོ་ལམ་དེ་བརྒྱུད་ནས་བློ་བརྟན་འགྱུར་མེད་ངང་མུ་མཐུད་སྐྱོད་ཚེ། ལོ་རྒྱུས་ཀྱིས་བཟོས་པའི་སེམས་ཁམས་ཀྱི་རྨ་ཁ་གསོ་ཐུབ་པ་དང་། མི་རིགས་བསྐྱར་དར་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན་པ་དོན་དངོས་ཐོག་ནས་ར་སྤྲོད་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
     ལེན་ཀྲན་གྱིས་ངོགས་གཉིས་ཀྱི་སྤུན་ཟླ་ནི་ཀྲུང་ཧྭ་མི་རིགས་གཅིག་མཚུངས་ཡིན། ང་ཚོས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་མཉམ་དུ་དྲན་གསོ་ཞུ་བ་ནི་མི་རིགས་ཧྲིལ་པོས་དཔའ་ངར་ཆེན་པོས་ཕྱིའི་བརྙས་བཅོས་འགོག་པའི་ཡིད་སྐྱོ་ཞིང་བརྗིད་ཉམས་ལྡན་པའི་ལོ་རྒྱུས་ཞིག་ཡིན། འཛམ་གླིང་ཧྲིལ་པོའི་ཞི་བདེར་དགའ་བ་དང་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་མཛེས་སྡུག་ལྡན་པའི་ཕུགས་འདུན་མཉམ་དུ་ཇུས་འགོད་བྱ་རྒྱུ་དེ་ཡིན། ང་ཚོས“གོ་གཉིས་ཀྱི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་པའི་ངོགས་གཉིས་ཀྱི་ཆབ་སྲིད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་གཏོང་བ་དང་བློ་བརྟན་འགྱུར་མེད་ངང་རོགས་རེས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་བཏང་ནས་ཐའེ་དབན་གྱི་ལས་རིགས་ཁག་གིས་ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་ཁས་ལེན་ཇེ་མང་དང་ཞུགས་ཚད་ཇེ་མང་དུ་འགྲོ་བ་བྱེད་དགོས་ཞེས་གསུངས་པ་རེད།