མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་
བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་
ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་04ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་
བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་
ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་3ཉིན་གྱི་སྔ་དྲོ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་དང་། དམག་གཟིགས་མཛད་སྒོ་གཟབ་རྒྱས་ཐོག་ནས་འཛམ་གླིང་གི་མི་དམངས་དང་མཉམ་དུ་རླབས་ཆེན་གྱི་ཉིན་མོ་དེར་དྲན་གསོ་ཞུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་འབྲེལ་གཟིགས་འབུལ་དཔུང་རུར་གཟིགས་ཞིབ་ཀྱང་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་དྲན་གསོའི་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཞུགས་ཡོད། ཕྱི་རྒྱལ་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། སྲིད་གཞུང་གི་མཐོ་རིམ་སྐུ་ཚབ། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགོ་ཁྲིད་པ། ཕྱི་རྒྱལ་གྱི་འགོ་ཁྲིད་ཟུར་པ་བཅས་65དང་རྒྱལ་ཁབ་30ཡི་ཕྱི་རྒྱལ་དམག་མིའི་ལྟ་སྦྱོང་ཚོགས་པའི་ཚོགས་གཙོ་སོགས་ཚོགས་ཆེན་ལ་ཞུགས་ཡོད།
         སྔ་དྲོའི་ཆུ་ཚོད་9དང་སྐར་མ་55ཡི་ཐོག་ཞིས་ཅིན་ཕིང་སོགས་ཀྲུང་ཕྱིའི་འགོ་ཁྲིད་མི་སྣ་གནམ་བདེ་སྒོ་མོ་ཆེའི་སྟེང་གི་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་ཐང་ཆེན་གྱི་གཟིགས་སྟེགས་ཐོག་བཞུགས་པའི་ལས་རིགས་ཁག་གི་འཐུས་མིར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པས། ཐང་ཆེན་ཡོངས་ཀྱི་མི་ཁྲི་5.5ཡིས་འབྲུག་སྒྲ་ལྡིར་བ་ལྟར་གྱི་ཐལ་མོའི་རྡེབ་སྒྲ་བསྒྲགས་པ་རེད།
         གློག་རྡུལ་བརྙན་ཤེལ་ཐོག་ཆུ་ཚོད་གཡོ་ཐོའི་རི་མོ་ཐོན་ནས་1945དང་། 1955 1965……2015སོགས་ཀྱི་ལོ་གྲངས་ཀྱི་ཨང་ཀི་ཆུ་ཚོད་གཡོ་ཐོ་དང་བསྟུན་ནས་རྒྱུན་ཆད་མེད་པར་འགྱུར། དུས་བརྡ་གཏོང་བའི་ཐིར་སྒྲ་ཆུ་ཚོད་བཅུ་པ་ཏག་ཏག་ཟིན་སྐབས་དྲན་གསོའི་ཚོགས་ཆེན་འགོ་ཚུགས། 
         རྟེན་འབྲེལ་མེ་སྒྱོགས་ཐེངས་70ཡི་འཕེན་སྒྲ་ནམ་མཁའི་དབྱིངས་སུ་གྲགས་པ་དང་རྒྱལ་དར་སྲུང་སྐྱོབ་རུ་ཁག་གི་དཔོན་དམག་200ཡིས་སྐར་ལྔའི་དར་དམར་སྲུང་བཞིན་གོམ་སྟབས་བརྟན་པོ་སྤོས་ནས་མི་དམངས་དཔའ་བོའི་དྲན་གསོའི་རྡོ་རིང་ནས་ཐང་ཆེན་བྱང་ངོས་ཀྱི་རྒྱལ་དར་གྱི་དར་ཤིང་མདུན་དུ་བསྐྱོད།
         ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཉམ་འབྲེལ་དམག་མིའི་རོལ་ཆ་ཚོགས་པ་དང་གླུ་གཞས་མཉམ་ལེན་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་གཏོང་བྱས་པས་ཐང་ཆེན་ཡོངས་ཀྱི་མི་སྣས་སྐད་གསང་མཐོན་པོས་གླུ་གཞས་བཏང་བ་དང་། སྐར་ལྔའི་དར་དམར་ཡང་དལ་གྱིས་བསྒྲེངས།
         དེ་རྗེས་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཞིང། ཁོང་གིས་དེ་རིང་ནི་འཛམ་གླིང་མི་དམངས་ཀྱིས་དུས་ནམ་ཡང་དྲན་གསོ་ཞུ་དགོས་པའི་རླབས་ཆེན་གྱི་ཉིན་མོ་ཞིག་རེད། ལོ་ངོ་70ཡི་གོང་གི་དེ་རིང་ཀྲུང་གོ་མི་དམངས་ཀྱིས་ལོ་14ཡི་དཀའ་སྤྱད་ཚད་མེད་ཀྱི་འཐབ་རྩོད་བྱས་པས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་ཆེན་ཐོབ་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྦད་དེ་རྒྱལ་ཁ་ཐོབ་པའི་ཁྱབ་བསྒྲགས་བྱས་པ་དང་། ཞི་བདེའི་ཉི་འོད་སླར་ཡང་ས་གཞི་ཀུན་ཏུ་འཕྲོས། ང་ཚོས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བར་དྲན་གསོ་ཞུ་བར་ལོ་རྒྱུས་བློ་ལ་བརྟན་པོ་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། ཞི་བདེར་གཅེས་འཛིན་བྱེད་པ། འབྱུང་འགྱུར་གཏོད་པ་བཅས་བྱེད་དགོས་ཞེས་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རི་འགོག་དམག་འཁྲུག་ནང་ཞུགས་མཁན་འཐབ་འཛིང་པ་རྒན་གྲས་དང་བློ་མཐུན་རྒན་གྲས་དང་། རྒྱལ་གཅེས་མི་སྣ། རི་འགོག་དམག་དཔོན་བཅས་དང་དེ་བཞིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཕྱིར་གལ་ཆེའི་ལེགས་སྐྱེས་འབུལ་མཁན་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཕྱིའི་བཙན་འཛུལ་ལ་ཀྲུང་གོ་མི་དམངས་ཀྱིས་འགོག་རྒོལ་བྱས་པར་རོགས་རམ་དང་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ། དེ་རིང་གི་ཚོགས་ཆེན་ལ་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་དང་དམག་མི་གྲོགས་པོ་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་ཉེ་རབས་ནང་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་ཡོངས་སུ་རྒྱལ་ཁ་ཐོབ་ཐེངས་དང་པོ་རེད། རླབས་ཆེན་གྱི་རྒྱལ་ཁ་དེས་རི་པིན་དམག་རྒྱལ་རིང་ལུགས་པས་ཀྲུང་གོར་མི་སེར་སྤེལ་བ་དང་བྲན་བཀོལ་བྱེད་པའི་ལྐོག་གཡོ་རྦད་དེ་ཐལ་བའི་རྡུལ་དུ་བརླགས་པ་དང་། ཉེ་རབས་ནང་ཀྲུང་གོས་ཕྱི་དགྲའི་བཙན་འཛུལ་ལ་འགོག་རྒོལ་བྱེད་སྐབས་ཀྱི་ཡང་འཐབ་ཡང་ཕམ་བྱུང་བའི་མི་རིགས་ཀྱི་མཚན་ཤས་མེད་པ་བཟོས་པ་རེད། རླབས་ཆེན་གྱི་རྒྱལ་ཁ་འདིས་འཛམ་གླིང་ཐོག་གི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་གནས་བབ་སླར་ཡང་གསོས་པས་ཀྲུང་གོ་མི་དམངས་ལ་འཛམ་གླིང་གི་ཞི་བདེར་དགའ་ཞེན་བྱེད་མཁན་གྱི་མི་དམངས་ཀྱི་བརྩི་བཀུར་ཐོབ་པ་རེད། རླབས་ཆེན་གྱི་རྒྱལ་ཁ་འདིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད་ལ་གནའ་བོའི་ཀྲུང་གོའི་ཁྲག་འདོན་དམར་འཛིང་ནང་སླར་གསོན་བྱུང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཡང་བཏོད་ཡོད་ཅེས་བསྟན་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་འཁྲུག་དེའི་ཁྲོད་ཀྲུང་གོ་མི་དམངས་ཀྱིས་མི་རིགས་ཀྱི་བློས་གཏོང་ཆེན་པོ་བྱས་ཏེ་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་འདེགས་སྐྱོར་བྱས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུལ་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ཡོད་པས་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་ཕུལ་བ་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་བློ་ལ་ངེས་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་དམག་འཁྲུག་ནི་མེ་ལོང་ལྟ་བུ་ཡིན། དེས་མི་རྣམས་ལ་ཞི་བདེ་ནི་རྩ་ཆེན་ཡིན་ལུགས་དེ་བས་ཀྱང་ངོས་འཛིན་བྱེད་དུ་འཇུག་ཐུབ། ཞི་བདེའི་ཆེད་ང་ཚོས་མིའི་རིགས་ཀྱི་ལས་དབང་གི་ཐུན་མོང་རྩ་འཛུགས་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་པ་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ཁྲིམས་དང་རྒྱལ་སྤྱིའི་མ་ལག་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། མཉམ་ལས་གཉིས་ཁེ་ལྟེ་བར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཧུར་ཐག་འཛུགས་དགོས་པ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། ཞི་བདེའི་ཆེད་དུ་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་རྒྱུ་དང་། ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཛའ་གྲོགས་མཉམ་གནས་མཐའ་འཁྱོངས་བྱེད་རྒྱུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་མིའི་རིགས་ཀྱི་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བསྟན་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་གོས་དམག་དཔུང་གི་མི་གྲངས་ཁྲི་30ཉུང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།
         ཞིས་ཅིན་ཕིང་གིས“བྱ་བ་སྒྲུབ་སྐབས་འགོ་ཡོད་མཇུག་ཡོད་བྱེད་དགོས” མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ“ཕྱོགས་ཡོངས་ནས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་གཞིགས་ནས་རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཀུན་སེམས་གཅིག་སྒྲིལ་དང་ཆར་རླུང་འཚུབ་ཀྱང་མཚམས་མི་འཇོག་པ་བྱས་ནས་ང་ཚོའི་སྔོན་གཏན་འཁེལ་བའི་དམིགས་ཡུལ་གྱི་ཕྱོགས་སུ་མུ་མཐུད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         མཇུག་ཏུ་ཞིས་ཅིན་ཕིང་གིས་ང་ཚོས་ལོ་རྒྱུས་ཀྱིས་བློ་སྒོ་འབྱེད་པའི་རླབས་ཆེན་གྱི་བདེན་དོན་ངེས་པར་དུ་བློ་ལ་ངེས་དགོས་པའི་འབོད་སྐུལ་གནང་བ་དང་། དྲང་བདེན་རྒྱལ་ངེས་ཡིན། ཞི་བདེ་རྒྱལ་ངེས་ཡིན། མི་དམངས་རྒྱལ་ངེས་ཡིན།
         ཞིས་ཅིན་ཕིང་གིས་གསུང་བཤད་མཇུག་སྒྲིལ་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
         ཆུ་ཚོད10དང་སྐར་མ18ཐོག་དམག་གཟིགས་མཛད་སྒོ་འགོ་ཚུགས་པ་དང་། དཔེ་དམག་རང་གནས་སུ་བསྐྱོད་པས་དམག་དཔུང་རོལ་ཆ་རུ་ཁག་གིས་《གཟིགས་ཞིབ་ཀྱི་དུང་བརྡ་》ཞེས་པ་བཏང་བ་རེད། ཞིས་ཅིན་ཕིང་གིས་དར་དམར་རྟགས་ཅན་གྱི་གཟིགས་ཞིབ་རླངས་འཁོར་ཐོག་བཞུགས་ནས་ཅིན་ཧྲུའེ་ཟམ་པ་བརྒྱུད་ཁྲང་ཨན་ཁྲོམ་གཞུང་ཐོག་བསྐྱོད། དམག་གཟིགས་སྤྱི་ཁྱབ་བཀོད་འདོམས་པ་པེ་ཅིང་དམག་ཁུལ་ཁང་གི་སི་ལིང་ཡོན་སུང་ཕུའུ་ཤོན་གྱིས་གཟིགས་འབུལ་དཔུང་རུས་གྲ་སྒྲིག་ཨང་བསར་བྱས་ཟིན་ཞེས་སྙན་སེང་ཞུས་རྗེས་ཞིས་ཅིན་ཕིང་གིས་གཟིགས་ཞིབ་འགོ་འཛུགས་རྒྱུའི་བཀའ་ཕབ།
         དམག་དཔུང་རོལ་ཆ་རུ་ཁག་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུ་དཀྲོལ་་བ་དང་། ཞིས་ཅིན་ཕིང་གིས་རླངས་འཁོར་ཐོག་བཞུགས་ནས་རིམ་པ་བཞིན་རྐང་ཐང་རུ་སྟར་གྲུ་བཞི་11དང་གོ་མཚོན་སྒྲིག་ཆས་རུ་སྟར་གྲུ་བཞི་27ལ་གཟིགས་ཞིབ་གནང་བ་རེད།
         “བློ་མཐུན་ཚོ་སྐུ་ཁམས་བཟང” “བློ་མཐུན་ཚོ་སྐུ་ལས་ཁག་སོང”ཞེས་ཞིས་ཅིན་ཕིང་གིས་མཛའ་བརྩེའི་ངང་འཚམས་འདྲི་གནང་ནས་དམག་མིའི་སེམས་ཤུགས་འཕེལ་བ་གནང་། “གཙོ་འཛིན་སྐུ་ཁམས་བཟང” “མི་དམངས་ལ་ཞབས་འདེགས་ཞུ”ཞེས་གཟིགས་འབུལ་དཔོན་དམག་ཚོས་དཔའ་ངར་ཆེར་བསྐྱེད་དང་སྐད་གསང་མཐོན་པོས་ལན་བཏབ་པའི་སྒྲ་མཁའ་དབྱིངས་སུ་གྲགས། ཞིས་ཅིན་ཕིང་གཟིགས་ཞིབ་རླངས་འཁོར་ཐོག་བཞུགས་ནས་གནམ་བདེ་སྒོ་མོ་ཆེར་བསྐྱོད་སྐབས་གཟིགས་འབུལ་དཔོན་དམག་ཚོས་སྐད་གསང་མཐོན་པོས་དམག་དཔུང་སྟོབས་ཆེན་གྱི་འབོད་ཚིག“ཏང་གི་བཀོད་པར་ཉན། རྒྱལ་ཁ་ལེན་ཐུབ་པ། སྤྱོད་ཚུལ་ལེགས”ཞེས་བསྒྲགས།
         ཆུ་ཚོད་10དང་སྐར་མ་41ཐོག་མཁའ་དབྱིངས་རྒྱལ་དར་སྲུང་སྐྱོབ་རུ་སྟར་གྲུ་བཞི་སྔོན་ལ་དོན་ནས་དམག་གཟིགས་ཀྱི་དམག་རིགས་རྣམ་འབྱེད་རུ་སྟར་གྱི་འགོ་བཙུགས་པ་སྟེ། ཐད་འཕུར་གནམ་གྲུ་གཉིས་ཐོག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དར་སོ་སོར་བཀལ་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་འཕུར་བ་དང་། ཐད་འཕུར་གནམ་གྲུའི་ཚོགས་པས་མཁའ་དབྱིངས་སུ་ཨང་ཀི“70”ཡི་དབྱིབས་གྲུབ་པ་དང་། རྩལ་སློབ་གནམ་གྲུ་ནས་ཚོན་ཁྲ་ཅན་གྱི་དུ་བ་མི་འདྲ་བ་ཁག་7གློད།
         སྦག་སྦག་རུ་ཁག་གི་སྲུང་སྐྱོབ་འོག་རི་འགོག་དམག་འཁྲུག་གི་དམག་མི་རྒན་གྲས་དང་། སྔོན་གཤེགས་དཔའ་བོའི་བུ་ཕྲུག གཡུལ་སར་རྒྱབ་སྐྱོར་བྱེད་མཁན་དཔེ་བཟང་རླངས་འཁོར་རུ་སྟར་གྲུ་བཞི་དལ་བུར་བཏང་ཡོང་། ཁོང་ཚོའི་ཁྲོད་ཀྲུང་གོ་གུང་ཁྲན་ཏང་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་ཡོད་ལ་ཀྲུང་གོ་གོ་མིན་ཏང་གི་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་ཀྱང་ཡོད་ཅིང་། ཆ་སྙོམས་ལོ་90ཟིན་ཡོད། གཟིགས་སྟེགས་ཐོག་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་ཐལ་མོ་བརྡབས་ནས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་བྱས་རྗེས་ཆེན་པོ་བཞག་པའི་དཔའ་བོ་རྒན་རབས་ཚོར་བླ་ན་མེད་པའི་གུས་འདུད་ཞུས།
         དམག་དར་ལྷབ་ལྷུབ་ཏུ་གཡོ་བ་དང་གོམ་སྟབས་བརྟན་ཅིང་། སྐམ་མཚོ་མཁའ་གསུམ་གྱི་དམག་དཔུང་གི་གཟབ་སྦྲེང་རུ་ཁག་གིས་རྒྱལ་གཅེས་དམག་དར་མཐོན་པོར་བསྒྲེངས་ནས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད། བུད་མེད་གཟབ་སྦྲེང་རུ་ཁག་གི་རུ་མིའི་དཔའ་སྟོབས་རྒྱས་པོ་ཡོད། ཁོང་ཚོ་དམག་གཟིགས་ཆེ་མོའི་ཁྲོད་ཞུགས་ཐེངས་དང་པོ་རེད། དམག་སྡེ་བརྒྱད་པ་དང་། ཞིན་སི་ཅུན་དམག་དཔུང་། བྱང་ཤར་རི་འགོག་མཉམ་འབྲེལ། ཧྭ་ནན་ངེས་མེད་རྒོལ་རྡུང་རུ་ཁག་སོགས་རི་འགོག་དམག་འཁྲུག་གི་དཔའ་བོ་དཔེ་བཟང་བའི་དཔུང་རུས་བརྗིད་ཉམས་ཀྱིས་ཁེངས་པའི་རུ་སྟར་གྲུ་བཞི་10གྲུབ་པ་དང་། དམག་དཔོན་ཆེན་པོ་20ཡི་སྣེ་ཁྲིད་འོག་གཟིགས་ཞིབ་དང་ལེན་ཞུས།
         ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེ་ནི་འཛམ་གླིང་ཞི་བདེའི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་ཞིག་དང་། འཛམ་གླིང་མི་དམངས་ཀྱིས་དུས་ནམ་ཡང་དྲན་གསོ་བྱེད་འོས་པའི་རྒྱལ་ཁ་ཞིག་རེད། ཨ་ཧྥུ་ཀ་ནི་སི་ཐན་དང་། བྷེ་ཨུ་རུ་སུ། ཁམ་ཕུ་ཁྲེ ཁུ་པ། ཨེ་ཅིབ། ཧྥི་ཅི། ཧ་སག་སི་ཐན། ཁེར་གྷི་སི་ཐན། ལོ་སི། མོ་ཞི་ཁོ། མོང་གོལ་རྒྱལ་ཁབ། ཕ་ཁི་སི་ཐན། སའེ་འར་ཝེ་ཡ། ཐ་ཇིག་སི་ཐན། ཝ་ནུ་ཨ་ཐུ། ཝེ་ནེ་ཙུའེ་ལ། ཨུ་རུ་སུ་སོགས་གླིང་ཆེན་ལྔ་ཡི་རྒྱལ་ཁབ་17ཡི་དམག་དཔུང་གི་རུ་སྟར་གྲུ་བཞིའམ་ཡང་ན་འཐུས་མི་ཚོགས་པས་རང་སོ་སོའི་རྒྱལ་ཁབ་ཀྱི་རྒྱལ་དར་དང་དམག་དར་མཐོན་པོར་སྒྲེང་ནས་གཅིག་རྗེས་གཉིས་མཐུད་ངང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་བརྒྱུད་པ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་གཟིགས་ཞིབ་དང་ལེན་ཞུས་ཏེ་ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་མི་དམངས་དང་མཉམ་དུ་ཞི་བདེ་སྲུང་སྐྱོང་བྱེད་པའི་ཐུན་མོང་གི་བསམ་འདུན་བརྒྱུད་སྤྲོད་བྱས།
         ཐན་ཁེ་དང་། འཐབ་འཁོར། མེ་སྒྱོགས། མེ་ཤུགས་འཕུར་མདའ། མི་མེད་གནམ་གྲུ་སོགས་ལས་གྲུབ་པའི་ས་ངོས་གོ་མཚོན་རུ་སྟར་གྲུ་བཞི་བཏང་ཡོང་། གཟིགས་འབུལ་གྱི་གོ་མཚོན་འཁོར་རིགས་500ལྷག་ཙམ་ལས་གྲུབ་པའི་ས་ངོས་འཕྲལ་སྒྲུབ་དང་། མཁའ་ཟོན་དང་མེ་ཤུགས་འཕུར་མདའ་འགོག་རྒོལ། མཚོ་ཐོག་ཕར་རྒོལ། འཐབ་ཇུས་རྡུང་རྡེག ཆ་འཕྲིན་རོགས་སྐྱོར། རྒྱབ་ཕྱོགས་འགན་ལེན་སོགས་ཁག་དྲུག་ཡོད་པ་དེ་ཐོག་ནས་ཆ་འཕྲིན་ཅན་དམག་འཁྲུག་གི་མཉམ་འབྲེལ་རང་བཞིན་གྱི་ཁྱད་ཆོས་དང་། མི་དམངས་བཅིངས་འགྲོལ་དམག་གིས་མེས་རྒྱལ་གྱི་བདེ་འཇགས་དང་མི་དམངས་ཀྱི་བརྟན་ལྷིང་འཚོ་བ་སྲུང་སྐྱོབ་བྱེད་པའི་ནུས་པ་མངོན། གོ་མཚོན་དེ་དག་ཚང་མ་ནི་རང་རྒྱལ་ནས་བཟོས་པའི་ད་སྐུལ་དམག་འཐབ་གོ་མཚོན་ཡིན་པ་དང་། 84%ནི་སྟོན་ཐེངས་དང་པོ་ཡིན་པ་དེ་ཐོག་ནས་རང་རྒྱལ་གྱི་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་གྱི་འོད་སྟོང་འབར་བའི་གྲུབ་འབྲས་གང་ལེགས་མཚོན།
         ཆུ་ཚོད་11དང་སྐར་མ་25ཡི་ཐོག་སྐམ་མཚོ་མཁའ་གསུམ་གྱི་མཁའ་དམག་ལས་གྲུབ་པའི་བར་སྣང་གི་སྐས་དབྱིབས་རུ་ཁག་9བཏང་ཡོང་། ཉེན་བརྡ་སྔོན་གཏོང་གནམ་གྲུ་དང་། འབར་མདེལ་དབྱུག་བྱེད་གནམ་གྲུ སྣུམ་སྣོན་གནམ་གྲུ རྒོལ་གཏོར་གནམ་གྲུ་སོགས་དམག་འཐབ་གནམ་གྲུ་183ལས་གྲུབ་པའི་དཔུང་རུ་གསར་རྐྱང་ཞིག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་བར་སྣང་དུ་འཕུར་ཡོང་། ཐད་འཕུར་གནམ་གྲུ་70ལས་གྲུབ་པའི་དཔུང་རུ་མཐའ་མ་སླེབས་སྐབས་ཐང་ཆེན་ཡོངས་ནས་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས།
         སྐབས་དེར་ཞི་བའི་ཕུག་རོན་ཁྲི་བདུན་བར་སྣང་དབྱིངས་སུ་འཕུར། དབུགས་ལྒང་ཁྲི་བདུན་མཁའ་དབྱིངས་སུ་གློད། 《མེས་རྒྱལ་ལ་བསྟོད་གླུ་འབུལ་》ཞེས་པའི་སྤྲོ་སེམས་འཁོལ་བའི་རོལ་དབྱངས་ཐང་ཆེན་ཧྲིལ་པོར་གྲགས། ཞིས་ཅིན་ཕིང་སོགས་ཀྱིས་ལས་རིགས་ཁག་གི་མང་ཚོགས་ལ་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པ་དང་ཐང་ཆེན་ཕྱི་ནང་དུ་དགའ་སྤྲོའི་དཔལ་གྱིས་ཁེངས།
         དྲན་གསོའི་ཚོགས་ཆེན་དུས་ཡུན་ཆུ་ཚོད་1དང་སྐར་མ་38འཚོགས་ནས་ཆུ་ཚོད་11དང་སྐར་མ་38ཐོག་ཕུན་སུམ་ཚོགས་པོའི་སྒོ་ནས་གྲོལ།
         དྲན་གསོའི་ཚོགས་ཆེན་ནང་ཞུགས་མཁན་ལས་བྱེད་པ་དང་མང་ཚོགས་ཀྱིས་ངེས་པར་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རླབས་ཆེན་གྱི་རི་འགོག་དམག་འཁྲུག་སྙིང་སྟོབས་ཁྲོད་ནས་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་བཤད།
         ཚོགས་ཆེན་འགོ་མ་ཚུགས་གོང་ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་ཏོན་མོན་སྒོ་མོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཚོགས་ཆེན་དུ་ཕེབས་པའི་ཕྱི་ཕྱོགས་འཐུས་མི་ཚོགས་པའི་ཚོགས་གཙོ་དང་དེ་བཞིན་ཁོང་རྣམ་པའི་སྐུ་ཟླར་ཕེབས་བསུ་ཞུས་པ་དང་འབྲེལ་ཁོང་ཚོ་དང་དྲན་རྟེན་སྐུ་པར་བསྐྱོན་པ་རེད།