མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ལྷ་སར་བྱམས་པ་ཕུན་ཚོགས་དང་། འཕགས་པ་ལྷ་དགེ་ལེགས་རྣམ་
རྒྱལ། རག་སྡིས་བཅས་དང་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་
བློ་མཐུན་རྒན་གྲས་ཁག་གཅིག་ལ་གཟིགས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་6ཉིན་གྱི་ཕྱི་དྲོར་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མངགས་བཅོལ་ལྟར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ལྷ་སར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ཨུད་ཀྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་བཅས་དང་། རང་སྐྱོང་ལྗོངས་ཀྱི་གོ་གནས་རྒན་པ་བཞེས་མྱོང་ཡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ཁག་གཅིག་ལ་བྱམས་བརྩེའི་ངང་གཟིགས་པ་རེད།
         ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་བཅས་ཡིན་པའི་ལིའུ་ཡན་ཏུང་དང་། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བཅས་ཡིན་པའི་སུན་ཁྲུན་ལན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཏུའུ་ཆིང་ལིན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན། སྤྱི་ཁྱབ་ཆབ་སྲིད་པུའི་ཀྲུའུ་རེན་བཅས་ཡིན་པའི་ཀྲང་དབྱང་བཅས་དང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་ལྷན་དུ་གཟིགས་པར་ཕེབས་ཡོད།
         རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཏེང་ཞའོ་ཀང་། ཏེའོ་གོ་ཤིན། མགོན་པོ་བཀྲ་ཤིས་བཅས་ལྷན་དུ་གཟིགས་པར་ཕེབས་ཡོད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རྒན་གྲས་རྒྱལ་མཚན་ནོར་བུ་དང་། ལེགས་མཆོག པ་སངས་བཅས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ང་ཕོད་ངག་དབང་འཇིགས་མེད་ཀྱི་ནང་མི་གཟིགས་པའི་མཛད་སྒོར་ཞུགས་ཡོད། གཟིགས་སྐབས་ཡུས་ཀྲེང་ཧྲེང་དང་བྱམས་པ་ཕུན་ཚོགས་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། རྒྱལ་མཚན་ནོར་བུ། ལེགས་མཆོག པ་སངས་སོགས་ཕན་ཚུན་མཇལ་དར་བསྒྲོན་རེས་གནང་བ་དང་། ཕན་ཚུན་འཚམས་འདྲི་དང་སྨོན་འདུན་ཞུ་རེས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་བོད་རིགས་འགོ་ཁྲིད་རྒན་གྲས་ཡིན་པའི་ཁོང་ཚོར་བོད་རིགས་མང་ཚོགས་ཁྲོད་སྙན་གྲགས་ཆེན་པོ་ཡོད་པ་དང་བོད་གསར་འཛུགས་སྐྲུན་ཆེད་ཁོང་ཚོས་ཐུགས་ནུས་ཆེན་པོ་བཏོན་པ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་ཕུལ་གནང་བར་གདེང་འཇོག་གནང་ལེགས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས“བོད་ཀྱི་སྒྱུར་བཅོས་དང་། འཕེལ་རྒྱས། བརྟན་ལྷིང་བཅས་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་ཆེད་ཁྱེད་རྣམ་པས་འབད་བརྩོན་ལྷོད་མེད་གནང་སྟེ་བོད་ཀྱི་མི་དམངས་ཚོར་བྱ་བཟང་དང་བྱ་བ་དངོས་འབོར་ཆེན་བསྒྲུབས་པའི་ཁར་ཏང་དང་མི་དམངས་ཆེད་བྱས་རྗེས་ཆེན་པོ་བཞག་གནང་ཡོད”ཅེས་གསུངས་པ་རེད།
         བློ་མཐུན་རག་སྡིས་དང་རྒྱལ་མཚན་ནོར་བུ་སོགས་ཀྱིས་གཏམ་བཤད་གནང་སྟེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་རྒྱུའི་དམིགས་ཚད་དུས་བཀག་ལྟར་མངོན་འགྱུར་ཡོང་ངེས་རེད་ཅེས་གསུངས་པ་རེད།
         བྱམས་པ་ཕུན་ཚོགས་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། རག་སྡིས། རྒྱལ་མཚན་ནོར་བུ། ལེགས་མཆོག པ་སངས་བཅས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཡུས་ཀྲེང་ཧྲེང་དང་བཅས་པས་བྱམས་བརྩེའི་ངང་གཟིགས་པར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་ཚོས་ལོ་50ཡི་འཕོ་འགྱུར་ཧ་ཅང་ཆེན་པོའི་ནང་བོད་ལ་ད་ཆའི་འཕེལ་རྒྱས་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་དང་མི་རིགས་ཁག་གི་མི་དམངས་ལ་ད་ཆའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་བྱུང་བ་དེ་ནི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བ་དང་། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་ལས་བྱུང་བ། ལྗོངས་ཡོངས་ཀྱི་གོང་འོག་ཚང་མའི་དཀའ་སྤྱད་འབད་འཐབ་ལས་བྱུང་བ་བཅས་རེད། ང་ཚོས་ཏང་གི་བོད་སྐྱོང་ཇུས་ཆེན་སྔ་ཕྱི་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་བརྩི་བ་དང་། འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་ཡར་བརྩོན་བྱས་ནས་སྤྱི་ལེ་ངོས་གྲུ་ཁྲི་120ཟིན་པའི་ཡངས་པའི་མངའ་ཁོངས་སྲུང་སྐྱོང་ཡག་པོ་དང་། འཛུགས་སྐྲུན་ཡག་པོ། འཕེལ་རྒྱས་ཡག་པོ་བཅས་བྱས་ཏེ་འཕེལ་རྒྱས་ཆེན་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ཐུགས་བློ་བདེ་པོ་ཡོང་བ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།