མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།གངས་ལྗོངས་ས་མཐོའི་ཀྲུང་གོའི་ཕུགས་འདུན་གྱི་ལེའུ་གསར་པ་བརྩམས།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 09:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         ——བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་གནང་བའི་སྐོར་གྱི་དངོས་བྲིས།
         དེ་ནི་གནས་རི་གནས་མཚོར་རབ་ཏུ་འཕྲོ་བའི་ཉི་འོད་ཅིག་ཡིན་ལ་ཐང་དཀར་རྒོད་པོ་མཁའ་དབྱིངས་སུ་འཕུར་བར་བྱེད་པའི་གཤོག་ཟུང་ཞིག་ཀྱང་ཡིན།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་དང་ཕུགས་ལ་དམིགས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཞིབ་འཇུག་གཏིང་ཟབ་གནང་ནས་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་སྟེ་གངས་ལྗོངས་ས་མཐོར་འབྱུང་འགྱུར་ལ་ཕྱོགས་པའི་བརྗིད་ཆེའི་དམིགས་ཚད་བཟོས་ཐོག་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་། སྤྱི་ཚོགས་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་མངོན་གསལ་དོད་པོ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་བཅས་ཀྱི་རྣམ་པ་གསར་པ་ཞིག་བཏོད་གནང་ཡོད།
         འབྲས་ལྡན་དུས་སུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོ་འཆར་ཉེར་ཡོད་ཅིང་། འཚོགས་མ་ཐག་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ནས་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་ཐོག་ནས་བོད་ལྗོངས་དེ་ཉིད་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་ཆེད་གལ་ཆེའི་བརྩི་སྲུང་ཞུ་ཡུལ་མཁོ་འདོན་གནང་ཡོད། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་གངས་ལྗོངས་ས་མཐོས་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་བཞིན་མཆིས།
         མཐའ་སྐྱོང་བོད་བརྟན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་བ་དང་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་དུས་བབ་གསར་པའི་འོག་བོད་ཀྱི་ལས་དོན་ཐད་བརྗིད་ཆེའི་འཆར་གཞི་བཏིང་གནང་བ།
         གངས་ལྗོངས་ས་མཐོའི་ཐོག་གི་མི་རྣམས་ལ་ཐུན་མོང་གི་བསམ་འདུན་ཞིག་ཡོད་པ་ནི་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་ཡོང་མི་སྲིད་པ་དེ་ཡིན། བོད་རང་སྐྱོང་ལྗོངས་ཀྱི་ལོ་50ཡི་འཕོ་འགྱུར་ཆེན་པོའི་ནང་ཀྲུང་དབྱང་དབུ་ཁྲིད་མཉམ་སྡེབ་མི་རབས་འགའ་ཞིག་གི་ཐུགས་ཁུར་དང་ཐུགས་ནུས་འདུས་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་བོད་སྐྱོང་མཐའ་བརྟན་གྱི་རིགས་པའི་གཞུང་ལུགས་གསར་གཏོད་རང་བཞིན་ལྡན་པའི་ངང་རྒྱུན་འཛིན་དང་འཕེལ་རྒྱས་བཏང་བ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕུན་སུམ་ཚོགས་སུ་དང་གཏིང་ཟབ་ཏུ་བཏང་གནང་བས་གངས་ལྗོངས་ས་མཐོའི་ཐོག་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་དེ་བས་ཆེ་བའི་སྐྱེ་སྟོབས་ཀྱི་གསོན་ཤུགས་རྒྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཆེད་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད།
         དཀར་གཙང་གི་མཇལ་དར། དུས་ཆེན་གྱི་གཟབ་མཆོར། 2013ལོའི་ཟླ་3ཚེས་9ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོའི་བོད་ལྗོངས་ཚོམས་ཆེན་དུ་དགའ་སྟོན་རྟེན་འབྲེལ་དང་བཀྲ་ཤིས་པའི་རྣམ་པས་ཁེངས།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་ཁྲོད་དུ་ཕེབས་ནས་ཚོགས་ཆུང་ཁག་བགོས་ཀྱི་གྲོས་ཞིབ་ནང་ཞུགས།
         “བཀྲ་ཤིས་བདེ་ལེགས”ཞེས་བོད་རིགས་འཐུས་མིས་བསྒྲོན་པའི་མཇལ་དར་བཞེས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་སྐད་ཀྱི་ཐོག་ནས་དེ་ཁུལ་དུ་ཡོད་པའི་འཐུས་མི་ཡོངས་ལ་བཀྲ་ཤིས་སྨོན་འདུན་ཞུས། རང་སྐྱོང་ལྗོངས་ཏང་སྲིད་འགོ་ཁྲིད་ཀྱི་སྙན་སེང་གསན་པ་དང་ཚོགས་ཞུགས་འཐུས་མི་དང་ལྷན་དུ་སྤེལ་རེས་འཁྲུག་པོ་གནང་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་གནང་ཞིང་། ཁོང་གིས“བོད་ལྗོངས་ནི་རང་རྒྱལ་གྱི་གལ་ཆེའི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་དང་སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་ཞིག་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྱོན་ཡོངས་ཁྲོད་གལ་ཆེའི་གནས་བབ་བཟུང་ཡོད། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”ནན་བཤད་གནང་།
         རེ་སྒུག་ཆེན་པོ། གཟིགས་རྒྱང་རིང་པོ།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་འཐུས་མི་ཚོགས་པའི་ཁྲོད་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་དུས་སྐབས་གསར་པའི་བོད་ཀྱི་འཕེལ་རྒྱས་ལ་འོད་སྟོང་འཕྲོ་བའི་འཆར་གཞི་བཀོད་གནང་བ་རེད།
         འཕེལ་རྒྱས་གཏོང་རྒྱུ་ནི་བོད་ཀྱི་གནད་དོན་ཐམས་ཅད་ཐག་གཅོད་བྱེད་པའི་རྨང་གཞི་ཡིན་ཞིང་། མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་དོན་ལག་ལེན་ཏན་ཏིག་བསྟར་བར་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་ལ་ཏན་ཏིག་ནུས་ལྡན་གྱི་སྒོ་ནས་སྐུལ་འདེད་གཏོང་དགོས།
         དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་ནི་བོད་ཀྱི་ལས་དོན་ཁག་གི་འགོ་འཛུགས་ས་དང་དོན་ལ་བབས་ས་ཞིག་རེད། མཐའ་བརྟན་བོད་སྐྱོང་གི་འཐབ་ཇུས་དགོངས་དོན་ལག་ལེན་ཏན་ཏིག་བསྟར་བར་རྒྱུན་སྲིང་ལྷོད་མེད་ངང་དམངས་འཚོ་ལེགས་བཅོས་དང་འགན་ལེན་བྱེད་དགོས།
         མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ཞིང་། མཐའ་བརྟན་བོད་སྐྱོང་གི་འཐབ་ཇུས་དགོངས་དོན་ལག་ལེན་ཏན་ཏིག་བསྟར་བར་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།
         རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་ཞེས་པ་ལས་ཀྲུང་དབྱང་འགོ་ཁྲིད་མཉམ་སྡེབ་མི་རབས་འགའ་ཞིག་གིས་བོད་ཀྱི་འཕེལ་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་ཐུན་མོང་གི་བློ་གྲོས་འདུས་ཡོད་ལ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་བོད་སྐྱོང་ཇུས་ཆེན་གསར་གཏོད་རང་བཞིན་ལྡན་པའི་ངང་འཕེལ་རྒྱས་གཏོང་ལུགས་ཀྱང་མཚོན་ཡོད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྔ་རྗེས་སུ་འཚོགས་པའི་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཚོགས་འདུ་བཅས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་ཐབས་ཇུས་དང་། མི་རིགས་གནད་དོན། འཐབ་ཕྱོགས་གཅིག་གྱུར་སོགས་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་ཡོད། ཏང་གི་བོད་སྐྱོང་ཇུས་ཆེན་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་མ་ལག་ཀྱང་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ཡོད།
         2015ལོའི་ཟླ་7ཚེས་30ཉིན་འཚོགས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་དུས་བབ་གསར་པའི་འོག་གི་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ངེས་པར་དུ་ཏང་གི་བོད་སྐྱོང་ཇུས་ཆེན་མཐའ་འཁྱོངས་ཀྱིས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཉིད་ལས་ཀའི་གཞི་ཚུགས་ས་དང་ཤུགས་རྒྱག་སར་བརྩི་བ་དང་། བློ་བརྟན་འགྱུར་མེད་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། བློ་བརྟན་འགྱུར་མེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་བྱེད་པ། རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལ་ཡོང་བའི་འགན་ལེན་བྱེད་པ། མི་རིགས་ཁག་གི་མི་དམངས་ཀྱི་དངོས་པོ་དང་རིག་གནས་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བའི་འགན་ལེན་བྱེད་པ། སྣོད་བཅུད་ཁོར་ཡུག་ལེགས་པོ་ཡོང་བའི་འགན་ལེན་བྱེད་པ་བཅས་བྱེད་དགོས་པའི་ནན་བཤད་གནང་ཡོད།
         2015ལོའི་ཟླ་8ཚེས་24ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་ཏང་གི་བོད་སྐྱོང་ཇུས་ཆེན་ལ་ཕྱོགས་ཡོངས་ནས་གསལ་འགྲེལ་གནང་བ་སྟེ།
         “ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་བྱེད་པ”དང་།
         “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི་འཐབ་ཇུས་དགོངས་དོན་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་ཁྲིམས་བཞིན་བོད་སྐྱོང་དང་། དམངས་ཕྱུག་བོད་དར། ཡུན་རིང་བོད་སྐྲུན། མི་སེམས་གཅིག་འགྲིལ། རྨང་གཞི་བརྟན་གཏོང་བཅས་ཀྱི་གལ་ཆེའི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ”
         “ངེས་པར་དུ་བོད་ཀྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བ་སྟངས་འཛིན་ཐུབ་པ་བྱས་ནས་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་འགྲིལ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ”
         “ངེས་པར་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་དང་ཡང་དག་ངང་ལག་བསྟར་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མི་རིགས་ཁག་གི་མང་ཚོགས་ཚོས་མོས་སེམས་བྱ་ཤུགས་ཆེ་རུ་གཏོང་དགོས་པ”
         “ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་ཀྱི་རོགས་སྐྱོར་དེ་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་དཀའ་སྤྱད་འབད་འཐབ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པའི་བརྒྱུད་རིམ་ནང་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས་པ”
         “ངེས་པར་དུ་རིམ་ཁག་ཏང་རྩ་འཛུགས་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ”བཅས་རེད།
         འཆར་གཞི་བཀོད་ཟིན་པས་གཙོ་བོ་བཟུང་ན་ཡན་ལག་ངང་གིས་ཐོན།
         ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གི་སྔ་འཛིན་ཕྱི་གཏོད་ཀྱི་འདུ་ཤེས་གསར་པ་དང་། སྲིད་ཇུས་གསར་པ། བྱེད་ཐབས་གསར་པ་རབ་དང་རིམ་པ་དང་དེ་བཞིན་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་དང་ཤུགས་ཆེའི་དངོས་ཡོད་ཀྱི་མཛུབ་ཁྲིད་དོན་སྙིང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
         བརྩེ་སེམས་ས་མཐོར་བཅངས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མང་ཚོགས་ཁྲོད་ཕེབས་ནས་བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་ཐུགས་ཁུར་ཟབ་མོ་གནང་བ།
         “ཁྱེད་ཚོར་ད་ཆ་ས་བབ་མཐོ་ཚད་གཞིར་བཟུང་ཁ་གསབ་རོགས་དངུལ་དོན་འཁྱོལ་ཐུབ་ཡོད་དམ། དྲོད་ལེན་འགྲོ་གྲོན་དེ་ལྷ་ས་དང་ཧེ་བག་ཡོད་དམ”དང་།
         “བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་བྱེད་པར་ཀྲུང་གོའི་ཆུ་གསོག་མཐོ་ལྕོག་ཡག་པོ་སྲུང་དགོས་པ་ལས་ར་རིན་མ་ལོན་རྟ་རིན་ཤོར་ཟེར་བའི་དཔེ་བཞིན་བྱ་རྒྱུ་མེད། སྣོད་བཅུད་ཐད་གནད་དོན་ལྷག་ཚེ་ངལ་བ་འབྲས་མེད་རང་རེད”
         2011ལོའི་ཟླ་བདུན་པར་སྐབས་དེ་དུས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པའི་འགན་བཞེས་བཞིན་པའི་ཞིས་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་འཁྲིད་དེ་བོད་དུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། བོད་ཀྱི་མི་དམངས་དང་ལྷན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུས་ཡོད།
         རྟེན་འབྲེལ་ཚོགས་ཆེན་ཐོག་ཞིས་ཅིན་ཕིང་གིས་གསུང་བཤད་གནང་ནས་ཀྲུང་དབྱང་གིས་བཏོན་པའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་བླང་བྱ་གཞིར་བཟུང་བོད་ཀྱིས་2020ལོར་སླེབས་སྐབས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱས་ཐོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་པའི་ནན་བཤད་གནང་བ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་མངགས་བཅོལ་ཟབ་མོ་དེས་སྔ་བར་ཕྱི་གསུམ་དུ་གངས་ལྗོངས་ས་མཐོའི་མི་རྣམས་ལ་སྐུལ་མ་ཐེབས་པ་དང་ཐུགས་བརྩེ་བའི་སྤྱན་ཟུང་གིས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་སྔ་བར་ཕྱི་གསུམ་དུ་གཟིགས་བཞིན་མཆིས།
         2015ལོའི་ཟླ་6ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་མཇལ་ཞུ་དང་ལེན་གནང་བ་རེད།
         ཀྲུང་ནན་ཧའེ་ནི་དང་དོད་གནང་ནས་བདམས་པའི་མཇལ་འཕྲད་ཀྱི་གནས་ཤིག་ཡིན་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སྐུ་ན་ཕྲ་བའི་པཎ་ཆེན་རིན་པོ་ཆེ་མཆོག་གནས་དེར་ཁྱིམ་མིས་སྣེ་ལེན་ཞུས་པ་ལྟར་གྱི་ཚོར་སྣང་ཡོང་རྒྱུའི་ཐུགས་རེ་གནང་ཡོད།
         མཇལ་འཕྲད་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པ་ཆེས་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་མེས་རྒྱལ་དང་མི་དམངས་བློ་ལ་བཅངས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱ་རྒྱུའི་ཐུགས་རེ་གནང་བ་རེད།
         བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་ལ་ཏང་ཀྲུང་དབྱང་གིས་ཁས་ལེན་གང་ལེགས་དང་སྐུལ་ལྕག་གནང་བ།
         2014ལོའི་ཟླ་བརྒྱད་པར་ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་60འཁོར་བའི་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཆན་འགོད་མཛུབ་སྟོན་གལ་ཆེན་གནང་ཞིང་། ལོ་དྲུག་ཅུའི་རིང་གཞུང་ལམ་འཛུགས་སྐྲུན་དང་བདག་སྐྱོང་གི་བརྒྱུད་རིམ་ནང་གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ། འབད་འབུངས་སྟོབས་བརྩོན། ལམ་རྡོ་ལྟ་བུ་ཞིག་བྱེད་ཕོད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར། མི་རིགས་མཐུན་སྒྲིལ་བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་ཆགས་པ་དང་དར་སྤེལ་བཏང་ཡོད།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་དུས་བབ་གསར་པའི་འོག“ལམ་གཉིས”ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་ནས་ལམ་གཉིས་བདག་སྐྱོང་ཡག་པོ་དང་ཤར་བགྲོད་ཐུབ་རྒྱུ་འགན་ལེན་བྱས་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལམ་དང་། བོད་ཀྱི་ཤེས་དཔལ་ཡར་ཐོན་གྱི་ལམ། བོད་ཀྱི་མི་རིགས་ཁག་གི་སྤུན་ཟླ་ཐུན་མོང་ཕྱུག་འགྱུར་ཆགས་རྒྱུའི་ལམ་བཅས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
         བོད་ཀྱི་དམངས་འཚོའི་བདེ་སྡུག་ཏང་ཀྲུང་དབྱང་གི་ཐུགས་སུ་བཅངས།
         བོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་བཞུགས་མོལ་གནང་སྐབས་དང་བོད་ཀྱི་ལས་རིགས་ཁག་གི་མི་སྣ་དང་མཇལ་འཛོམས་གནང་སྐབས་སོགས་གང་གི་དུས་སུའང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ས་མཐོའི་མི་དམངས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད།
         ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་འདི་ཉིད་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་ལོ་བཅོ་ལྔའི་རིན་མེད་སློབ་གསོ་སྔོན་ལ་མངོན་འགྱུར་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པ་ཕྱོགས་ཡོངས་སུ་ཁྱབ་པ། མཚོ་བོད་ཐད་སྦྲེལ་གློག་དྲའི་འདུ་འགོད་དང་ཁྲོན་བོད་གློག་དྲའི་འདུ་འགོད་སྐྲུན་ནས་གློག་གཏོང་འགོ་ཚུགས་པ། བོད་ཀྱི་ཆུ་ཤུགས་གློག་ཁང་ཆེ་གྲས་དང་པོ་ཡིན་པའི་རྫམ་ཆུ་ཤུགས་གློག་ཁང་ནས་ན་ནིང་གློག་གཏོང་འགོ་ཚུགས་པ་བཅས་རེད།
         བོད་ལ་དཀའ་ངལ་འཕྲད་སྐབས་ཏང་ཀྲུང་དབྱང་གིས་ཐུགས་ཁུར་ཟབ་མོ་གནང་ནས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་གནང་།
         འདི་ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་པའི་ཡོམ་འཕྲོས་བོད་རང་སྐྱོང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཤིང་། ས་ཡོམ་གྱི་གནོད་འཚེ་ཐོན་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དེ་བཞིན་འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་ཏེ་ཏང་སྲིད་དམག་ཉེན་དམངས་བཅས་དང་མཐུན་སྦྱོར་གཞོགས་འདེགས་བྱས་ནས་ནུས་ཤུགས་ཡོད་རྒུས་གེགས་སེལ་གྱི་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད།
         ཟླ་ལྔ་པར་ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་སླར་ཡང་མཛུབ་སྟོན་གནང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་གདེང་འཇོག་གནང་བ་མ་ཟད། ཡང་འབད་བསྐྱར་འབད་བྱས་ཏེ་ཉེན་གྱར་མང་ཚོགས་མུ་མཐུད་འཚོལ་སྐྱོབ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་པ། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་འོས་འཚམ་བཅས་བྱེད་དགོས་པ་དང་ཆབས་ཅིག་གཏོར་སྐྱོན་ཕོག་པའི་རྨང་གཞིའི་སྒྲིག་བཀོད་མགྱོགས་མྱུར་སླར་གསོ་བྱས་ནས་གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལས་དོན་ཡག་པོ་བསྒྲུབས་ཏེ་བོད་རང་སྐྱོང་ལྗོངས་དང་ལྷག་པར་དུ་གནོད་འཚེ་ཕོག་པའི་ས་ཁུལ་གྱི་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་ལེགས་སྐྱེས་དང་བློས་གཏོང་ལ་ཏང་ཀྲུང་དབྱང་གིས་ཚད་མཐོའི་གདེང་འཇོག་དང་བསྔགས་བརྗོད་གནང་བ།
         བོད་ཀྱི་ལས་དོན་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་ཀྱི་ལས་དོན་གྱི་ཆ་རྐྱེན་དཀའ་ཚེགས་ཆེ་བ་དང་ལས་འགན་ལྗིད་རྫོབ་ཆེ་བ། ལས་བྱེད་པ་མང་པོ་ཞིག་གིས་བོད་ལ་རང་ཉིད་ཀྱི་ལང་ཚོ་ལེགས་སྐྱེས་སུ་ཕུལ་བ་མ་ཟད། ཕ་ཚ་བུ་རྒྱུད་ལེགས་སྐྱེས་སུ་ཕུལ་བའི་བླ་ན་མེད་པའི་བསམ་བློ་དང་སྒེར་སེམས་མེད་པའི་ལེགས་སྐྱེས་སྙིང་སྟོབས་དེ་རིགས་ཏང་དང་སྲིད་གཞུང་གིས་ནམ་ཡང་བརྗེད་མི་སྲིད་ལ། མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྱང་དེ་བས་བརྗེད་མི་སྲིད་ཅེས་གསུངས་གནང་མྱོང་ཡོད།
         སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བོད་དུ་ལས་དོན་སྒྲུབ་མཁན་ལས་བྱེད་པ་ཚོར་ཐུགས་ཁུར་ཟབ་མོ་བཅངས་ཏེ་ཁོང་ཚོའི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་དང་ཁོང་ཚོ་སེམས་རྣལ་དུ་ཕབ་ནས་ལས་དོན་སྒྲུབ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         རྒྱལ་ཡོངས་ཀྱི་ལས་ཁུངས་དང་བྱ་གཞག་ཚན་པའི་གླ་ཕོགས་སྤོར་བའི་བརྒྱུད་རིམ་ནང་བོད་རང་སྐྱོང་ལྗོངས་སུ་གླ་ཕོགས་སྤར་རྗེས་གླ་ཕོགས་ཀྱི་ཆུ་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
         མངགས་བཅོལ་ཆུད་ཟོས་སུ་མི་གཏོང་བ། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོས་མངགས་བཅོལ་བློ་ལ་བརྟན་པོ་ངེས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་ཏང་གི་བོད་སྐྱོང་ཇུས་ཆེན་གྱི་ཁྲིད་སྟོན་ཡང་དག་འོག་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད།
         “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་སྒྲིལ”
        ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་གི་ཤང་ཀྲང་གཞོན་པ་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱི་གཞུང་ལས་ཁང་དུ་མཉམ་དུ་བརྒྱབ་པའི་པར་ཞིག་མཐོང་རྒྱུ་འདུག དེ་ནི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་ཐོག་བོད་ཀྱི་འཐུས་མི་ཚོགས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ཕྱག་གཏོང་བཞིན་པའི་པར་ཡིན། པར་ནང་སྐལ་བཟང་སྒྲོལ་དཀར་ཡང་བོད་ཆས་གྱོན་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་མཉམ་དུ་འདུག
         “སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ང་གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པ་མཁྱེན་སྐབས་ང་ལ‘ཁྱེད་རང་སྐུ་ལས་ཁག་སོང’ཞེས་གསུངས་བྱུང་”དྲོ་སྐྱིད་ལྡན་པའི་སྐད་ཆ་དེས་ད་བར་སྐལ་བཟང་སྒྲོལ་དཀར་ལ་སེམས་འགུལ་ཆེན་པོ་ཐེབས་བཞིན་ཡོད།
         ཀྲུང་དབྱང་གིས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ཁ་གཏད་རོགས་སྐྱོར་གྱི་སྟོབས་ཆེའི་ལེགས་ཆ་ཡག་པོ་སྤྱོད་པ། “ལོ་ལྔ་ཚན་བཅུ་གཉིས་པས”བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པའི་རྣམ་གྲངས་གལ་ཆེན་200ལྷག་ཙམ་འཛུགས་རྒྱུ་དམ་འཛིན་བཅས་བྱས་པར་བརྟེན་བོད་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་བ་དང་། མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་པ་དང་། མངའ་རིས་ཀྱི་དགུན་ས་སོགས་དམངས་སྤྱོད་གནམ་ཐང་སྤྱོད་འགོ་ཚུགས་པ། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་པ། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་དང་རིམ་མཐོའི་གཞུང་ལམ་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ་བཅས་ལྕགས་ལམ་དང་། གཞུང་ལམ། མཁའ་ལམ། སྦྲག་སྲིད་སོགས་རྣམ་པ་སྣ་ཚོགས་ཀྱི་སྐྱེལ་འདྲེན་བྱེད་ཐབས་ལས་གྲུབ་པའི་དེང་དུས་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རྣམ་པ་གསར་རྐྱང་ཞིག་འཛམ་གླིང་ཡར་རྩེར་མངོན་ནས་ཡོད།
         ལས་བྱེད་པ་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་བྱེད་པའི་ལས་དོན་སྤེལ་བ་དང་། ལྷ་ས་སོགས་ས་ཁུལ་དང་གྲོང་ཁྱེར་7གནས་སའི་ས་ཁུལ་དང་རྫོང་གྲོང་དུ་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་698བསྐྲུན་ནས་གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་ཁྱབ་གདལ་བཏང་བ། “སྔོན་ཐོན་གཉིས་ལྡན་དུད་སྦྲེལ”གཏོད་འདེམས་བྱེད་སྒོ་སྤེལ་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ། ཏང་གི་མི་རིགས་སྲིད་ཇུས་དང་ལྷག་པར་དུ་མི་རིགས་ལས་བྱེད་པའི་སྲིད་ཇུས་ལག་བསྟར་ནན་ཏན་བྱས་པ་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་བརྟན་དུ་དང་འཕེལ་རྒྱས་བཏང་བ། ཆོས་དད་རང་མོས་ལ་བརྩི་འཇོག་གང་ལེགས་ཐོབ་པ་དང་དགོན་སྡེ་དོ་དམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་བའི་ཐོག་དགོན་སྡེའི་གྲྭ་བཙུན་གྱི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་བཏང་བ་དང་དགོན་སྡེའི་གྲྭ་བཙུན་གྱི་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་པར་བརྟེན་བོད་ཀྱི་ཆོས་ལུགས་འཆམ་མཐུན་དང་། བསྟན་དོན་ལམ་ལྷོངས། དགོན་སྡེ་ཞི་མཐུན་བཅས་མངོན་འགྱུར་བྱུང་ཡོད།
         རིམ་པ་དེའི་ནོར་སྲིད་ཡོང་འབབ་ཀྱི་70%ཡན་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུའི་ཐད་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ལོ་ལྟར་དམངས་ཕན་དང་དགོན་ཕན་གྲྭ་ཕན་གྱི“དོན་དངོས་བཅུ”ཡག་པོ་བསྒྲུབས་པ་དང་། བོད་ཀྱི་སློབ་ཆེན་ཐོན་པའི་སློབ་མ་མང་ཆེ་བ་ལས་ཞུགས་དང་བྱ་གཞག་གསར་གཏོད་ཐུབ་པ་བྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་22016དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་7359ཟིན་པ། སྤྱི་ཚོགས་འགན་སྲུང་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་ནས་དྭ་ཕྲུག་5900ལྷག་ཙམ་ཚང་མར་རོགས་སྐྱོར་ཐུབ་པ། སྨན་རིན་མི་དགོས་པའི་སྨན་བཅོས་ཀྱིས་རྨང་གཞི་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་ཁུལ་དུ་ཁྱབ་པ། ཞིང་འབྲོག་མང་ཚོགས་ཁྲི་46བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་གསར་པའི་ནང་སྤོས་པ་དང་ལྷ་སའི་གྲོང་མིས་སྤྱིའི་ཆ་ནས་དྲོད་རླངས་སྤྱོད་ཐུབ་པ་བྱུང་སྟེ་ཕ་ཚ་བུ་རྒྱུད་ཀྱིས་ལྕི་བ་འབུད་ནས་དྲོད་ཁུག་ཐབས་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད།
          རྣམ་གྲངས་འཛུགས་སྐྲུན་གྱི་ཆོག་འཐུས་ནན་དུ་བཏང་བ་དང་ནགས་བཟོ་སྔོ་འགྱུར་བྱེད་ཚད་མང་དུ་བཏང་ནས་སྣོད་བཅུད་སྲུང་སྐྱོང་ཁུལ་ཡག་པོ་བསྐྲུན་ཞིང་། ད་ཆའི་བོད་དུ་རིམ་པ་ཁག་དང་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47དང་། སྣོད་བཅུད་ནུས་པའི་སྲུང་སྐྱོང་ཁུལ་22 རྒྱལ་ཁབ་ཀྱི་ནགས་ཚལ་སྤྱི་གླིང་དང་འདམ་རའི་སྤྱི་གླིང་13བཙུགས་པ་བཅས་བོད་འདི་ཉིད་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ལེགས་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན།
         འདི་ནི་ཏང་གི་བོད་སྐྱོང་ཇུས་ཆེན་གངས་ལྗོངས་ས་མཐོར་གྲུབ་འབྲས་ཐོབ་པའི་སྒོ་ནས་ལག་ལེན་བསྟར་བ་ཞིག་ཡིན།  ༼ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་ཧྭ་དང་ལུའོ་ཡུས་ཧྥན་གྱིས། ༽