མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་དབྱང་སྲིད་གཞུང་གིས་ལོ་30ལྷག་ཙམ་ནང་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་
བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེ་ཉམས་གསོ་བྱས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་07ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་6ཉིན《མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན》ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་བཏོན་པའི་ནང་། དུས་རབས་20པའི་ལོ་རབས་80ནས་བཟུང་། རྒྱལ་ཁབ་ཀྱིས་ལོ་ལྟར་ཆེད་དོན་མ་དངུལ་དང་། གསེར། དངུལ་སོགས་སྤྲད་ནས་བོད་ཀྱི་དགོན་སྡེ་ཉམས་གསོ་དང་། སླར་གསོ། སྲུང་སྐྱོབ་བཅས་ལ་སྤྱད་པ་དང་། ཀྲུང་དབྱང་གིས་ད་བར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་14ལྷག་ཙམ་བཏང་ནས་བོད་ཀྱི་རིག་དངོས་དང་གཙོ་གནད་དགོན་སྡེར་གཞི་ཁྱོན་ཆེ་བའི་ཉམས་གསོ་བྱས་ཡོད་ཅེས་འཁོད་ཡོད།
     གཞན་ཡང་རྒྱལ་ཁབ་ཀྱིས་ཆེད་དོན་མ་དངུལ་སྒོར་ཁྲི་670དང་། གསེར་སྤྱི་རྒྱ་111 དངུལ་སྤྱི་རྒྱ་2000ལྷག་ཙམ། དེ་བཞིན་ནོར་བུའི་རིགས་འབོར་ཆེན་ཞིག་རོགས་སྐྱོར་བྱས་ནས། པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པ་བར་གྱི་སྐུ་གདུང་ལྷ་ཁང་ཉམས་གསོ་བྱས་པ་དང་། པཎ་ཆེན་སྐུ་ཕྲེང་བཅུ་པའི་སྐུ་གདུང་ལྷ་ཁང་བཞེངས་ཆེད། རྒྱལ་ཁབ་ཀྱིས་ཐེངས་གཅིག་ཁོ་ནར་ཆེད་དོན་མ་དངུལ་སྒོར་ཁྲི་6620དང་གསེར་སྤྱི་རྒྱ་650སྤྲད་པ་རེད། 1994ལོར་རྒྱལ་ཁབ་ཀྱིས་སླར་ཡང་སྒོར་ཁྲི་2000སྤྲད་ནས་དགའ་ལྡན་དགོན་པ་མུ་མཐུད་ཉམས་གསོ་བྱས་པ་དང་། 1995ལོ་ནས་བཟུང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་གི་ཆེད་དོན་མ་དངུལ་བརྒྱུད། བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ག ས་སྐྱ་དགོན་སོགས་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པའི་མིང་ཐོའི་ནང་བཅུག་པའི་དགོན་སྡེ་ཉམས་གསོ་དང་སྲུང་སྐྱོང་ལ་རྒྱབ་སྐྱོར་ཧུར་ཐག་བྱས་པ་རེད།
     དེ་དང་དུས་མཚུངས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ལ་བརྩི་འཇོག་དང་སྲུང་སྐྱོབ་ཐུབ་ཡོད། རྒྱབ་ཤ་དཀར་པོའི་དེབ་ནང་། ཀྲུང་དབྱང་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་རིག་གནས་སྔ་ཕྱི་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཐོག་མཐའ་བར་གསུམ་དུ་སྲུང་སྐྱོང་ནུས་ལྡན་བྱས་ཐོག་ཆོས་ལུགས་གསུང་རབ་འཚོལ་བསྡུ་དང་། ལེགས་སྒྲིག པར་སྐྲུན། ཞིབ་འཇུག་བཅས་ཀྱི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་ཡོད་ཅེས་འཁོད་ཡོད།
     ཀྲུང་དབྱང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་སྟེ་བོད་སྐད་ཡིག་རིགས་གཅིག་མཁས་ཅན་བརྒྱ་ཕྲག་ཙམ་སྒྲིག་འཛུགས་བྱས་ཐོག དུས་ཡུན་ལོ་20ལྷག་ཙམ་སྤྱད་ནས་བོད་ཡིག་གི《བཀའ་འགྱུར》དང《བསྟན་འགྱུར》ཞུས་དག་དང་པར་སྐྲུན་ལས་དོན་ལེགས་སྒྲུབ་བྱས་ཡོད། 《བཀའ་འགྱུར》པོད་1490ལྷག་ཙམ་པར་སྐྲུན་བྱས་པ་མ་ཟད། ད་དུང་བོད་རྒྱུད་ནང་བསྟན་གྱི་ཆོ་ག་དང་། གཏམ་རྒྱུད། ཆེད་རྩོམ་སོགས་གསུང་རབ་ཀྱི་དེབ་རྐྱང་མ་པར་སྐྲུན་བྱས་ཏེ་དགོན་སྡེར་སྤྲད་ནས་གྲྭ་བཙུན་དང་ཆོས་དད་མང་ཚོགས་ཀྱི་སློབ་སྦྱོང་དང་སྒོམ་སྒྲུབ་ཀྱི་དགོས་མཁོ་བསྐངས་པ་རེད།