མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།བློ་མཐུན་ཀྲང་ཀྲེན་གྱི་སྐུ་ཕུང་ཞུགས་འབུལ་ཞུས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་10ཉིན། 11:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།བློ་མཐུན་ཀྲང་ཀྲེན་གྱི་སྐུ་ཕུང་ཞུགས་འབུལ་ཞུས་པ།

         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན་དང་། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ལ་བློ་དཀར་སེམས་དཀར་བྱེད་མཁན་འཐབ་འཛིང་པ། འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་དམག་དོན་མཁས་ཅན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་བྱུང་གི་འགོ་ཁྲིད་པ། ཀྲུང་དབྱང་དམག་ཨུད་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་བཅས་ཡིན་པའི་ཀྲང་ཀྲེན་གྱི་སྐུ་ཕུང་ཚེས་9ཉིན་པེ་ཅིང་པ་པའོ་རི་བོའི་གསར་བརྗེའི་སྤྱི་པའི་བང་སོར་ཞུགས་འབུལ་ཞུས་པ་རེད།
         བློ་མཐུན་ཀྲང་ཀྲེན་སྙུན་གཞིས་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་བར་2015ལོའི་ཟླ་9ཚེས་3ཉིན་གྱི་ཆུ་ཚོད་17ལ་པེ་ཅིང་དུ་དགོངས་པ་རྫོགས་པ་དང་དགུང་ལོ་101ལ་ཕེབས་ཡོད་པ་རེད།
         བློ་མཐུན་ཀྲང་ཀྲེན་སྙུན་གཞི་ཕོག་རིང་དང་དགོངས་པ་རྫོགས་རྗེས་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་དེ་བློ་མཐུན་ཀྲང་ཀྲེན་དགོངས་པ་རྫོགས་པར་ཡིད་ཤིན་ཏུ་སྐྱོ་བའི་ངང་མྱ་ངན་ཞུ་ལུགས་མཚོན་པ་དང་འབྲེལ་ཁོང་གི་ནང་མིར་སེམས་གཏིང་ནས་འཚམས་འདྲིའང་ཞུས་པ་རེད།
         ཚེས་9ཉིན་གྱི་སྔ་དྲོ་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོའི་ཚོགས་ཁང་དུ་སྒམ་ནན་གྱི་ཁྲོད་མྱ་ངན་རོལ་དབྱངས་གྲགས་ཤིང་། ཚོམས་ཆེན་སྟེང་དུ་གཞི་ནག་པོར་ཡི་གེ་དཀར་པོས“ཡིད་ཤིན་ཏུ་སྐྱོ་བའི་ངང་བློ་མཐུན་ཀྲང་ཀྲེན་ལ་མྱ་ངན་ཞུ”ཞེས་བྲིས་པའི་འཕྲེད་འགེལ་ཡི་གེ་བཀལ་བ་དང་འཕྲེད་འགེལ་ཡི་གེ་འོག་ཏུ་བློ་མཐུན་ཀྲང་ཀྲེན་འདས་པོའི་སྐུ་པར་བཞག་ཡོད། བློ་མཐུན་ཀྲང་ཀྲེན་གྱི་སྐུ་ཕུང་མེ་ཏོག་སོས་པའི་དབུས་སུ་བཞག་པ་དང་དེའི་སྟེང་དུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་གཡོགས་ཡོད།
         སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི། ཅང་ཙེ་མིན། ཧུའུ་ཅིན་ཐའོ་སོགས་ཀྱིས་མྱ་ངན་རོལ་དབྱངས་ཁྲོད་དལ་བུའི་ངང་བློ་མཐུན་ཀྲང་ཀྲེན་གྱི་སྐུ་ཕུང་མདུན་དུ་བཅར་ནས་གུས་སྟབས་ཀྱིས་ལངས་ཏེ་ངག་བསྡམས་མྱ་ངན་ཞུས་པ་དང་འབྲེལ་བློ་མཐུན་ཀྲང་ཀྲེན་གྱི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་རྗེས་བློ་མཐུན་ཀྲང་ཀྲེན་གྱི་ནང་མི་རེ་རེ་དང་ཕྱག་བཏང་ནས་འཚམས་འདྲི་ཞུས་པ་རེད།
         ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་སླེབས་པའམ་ཡང་ན་རྣམ་པ་སྣ་ཚོགས་ཐོག་ནས་མྱ་ངན་ཞུ་ལུགས་མཚོན་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་བློ་མཐུན་ཀྲང་ཀྲེན་སྐུ་འཚེ་ཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་ཞལ་གྱེས་ཞུ་བར་སླེབས་ཡོད།