མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་མི་རིགས་ཁག་གི་
ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་11ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་ལྷ་སར་མི་རིགས་ཁག་གི་
ལས་བྱེད་མང་ཚོགས་ལ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ།

         མི་དམངས་དྲ་བའི་འཕྲིན། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཛའ་མཐུན་ཟབ་མོ་མཚོན་པར་བྱ་ཆེད་ཟླ་9ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཡུས་ཀྲེང་ཧྲེང་གིས་ལྷ་ས་གྲོང་ཁྱེར་དུ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་བྱམས་བརྩེའི་ངང་གཟིགས་པ་དང་འཚམས་འདྲི་གནང་སྟེ་ཚང་མ་དང་མཉམ་དུ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུས་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་བཅས་ཀྱིས་མཉམ་དུ་གཟིགས་པ་དང་འབྲེལ་འཚམས་འདྲི་ཡང་གནང་བ་རེད།
         རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་ཁྲེན་ཆོན་གོ་དང་། ཝུའུ་དབྱིང་ཅེ། ཏེང་ཞའོ་ཀང་། ཏེའོ་གོ་ཤིན། ཆེ་དགྲ་ལྷ། ཝང་རུའེ་ལེན། ཙེང་དབན་མིན་བཅས་ཀྱིས་ཕེབས་རོགས་ཞུས་པ་རེད།
         སྟོན་འགོའི་ཉི་འོད་གནས་མཆོག་ལྷ་སར་རབ་ཏུ་འཕྲོ་བ་དང་། ནམ་མཁའ་གཡའ་དག་ཅིང་གང་ས་ནས་ཚོན་དོག་སྣ་ཚོགས་ཀྱི་དར་ཆ་དང“བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ”དང་། “ཀྲུང་དབྱང་སྐུ་ཚབ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུ”“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ”ཞེས་པའི་སྦྱར་ཡིག་གིས་ཁེངས་ནས་ཁྲོམ་གཞུང་ཆེ་ཆུང་ཚང་མར་བཀྲ་ཤིས་དགའ་སྟོན་གྱི་རྣམ་པས་ཁེངས།
         ཡུས་ཀྲེང་ཧྲེང་གིས་ལྷ་ས་གྲོང་ཁྱེར་གྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་འབྲེལ་ཡོད་ཕྱོགས་ཁག་གི་འཐུས་མིར་མཇལ་འཕྲད་གནང་སྟེ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་བསྐྱོན་པ་དང་འབྲེལ་ལྷ་ས་གྲོང་ཁྱེར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་རྟེན་འབྲེལ་སྒོ་བན་གནང་བ་རེད།
         ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་གནས་པའི་ཀྲེ་ཀྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་དེ་སྤྲོ་གསེང་དང་ངལ་གསོའི་ཡུལ་སྐོར་ཁུལ་དང་། ཁམ་བུའི་ཐོན་སྐྱེད་དཔེ་སྟོན་ཁུལ། སྒྲིག་བཀོད་ཞིང་ལས་དཔེ་སྟོན་ཁུལ། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས། ཕྱོགས་བསྡུས་ཟོག་འགྲེམས་ལྟེ་གནས། ཞིང་ལས་ཚན་རྩལ་དཔེ་སྟོན་ལྟེ་གནས་བཅས་ལས་གྲུབ་ཡོད། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་སུ་ཡུས་ཀྲེང་ཧྲེང་གིས་ཕེབས་ཀྱིན་དུ་གཟིགས་ཞིབ་གནང་བ་དང་ཆབས་ཅིག་གསོ་ཚགས་ཀྱི་གཞི་ཁྱོན་དང་། གསོ་ཚགས་ཀྱི་ལག་རྩལ། གཉེར་སྐྱོང་བྱེད་སྟངས་སོགས་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་ཐོན་ལས་གླིང་གིས་མཐའ་འཁོར་གྱི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་སྣེ་ཁྲིད་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། ནུས་ཆེའི་དྲོད་ཁང་ནང་མེ་ཏོག་སོས་པ་རབ་ཏུ་བཞད་དེ་སྔོ་ལྗང་གིས་བརྒྱན་ཡོད། ཡུས་ཀྲེང་ཧྲེང་གིས་སྤྲོ་སེམས་ཆེན་པོས་གཟིགས་སྐོར་གནང་བ་དང་། ལག་རྩལ་པའི་ངོ་སྤྲོད་ནན་ཏན་ངང་གསན་ཞིང་། ཁོང་གིས་ཞིང་འབྲོག་ལས་འཕེལ་རྒྱས་ལ་ཡུལ་བབ་དང་བསྟུན་ནས་སྣོད་བཅུད་བཟང་པོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག དམངས་ཕན་དམངས་ཕྱུག་ཏན་ཏིག་ཡོང་བ་བྱས་ཏེ། ཐོན་ལས་རིམ་འཕར་དང་ཕན་འབྲས་མཐོར་གཏོང་ལ་སྐུལ་མ་གཏོང་དགོས་ཞེས་གསུངས་པ་རེད།
         ཡུས་ཀྲེང་ཧྲེང་ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོ་ཨུ་ལྷན་དུ་ཕེབས་ནས་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་དང་། གྲོང་ཚོའི་མཉམ་སྡེབ་ཡོང་འབབ། དྲ་མིག་ཅན་གྱི་དོ་དམ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་གཞུང་ལས་ཁང་དུ་ཡུས་ཀྲེང་ཧྲེང་གིས་ལས་ཀའི་ཉིན་ཐོར་གཟིགས་ཞིབ་ནན་ཏན་གནང་བ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་ལས་བྱེད་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཉིན་ལྟར་གྲོང་མི་ཚོ་དང་མཉམ་དུ་བསྡད་དེ། མང་ཚོགས་ཀྱི་དཀའ་ངལ་ཤེས་རྟོགས་དང་བྱ་བ་དངོས་སྒྲུབ་པ་མ་ཟད། དཀའ་གནད་སེལ་རོགས་ཀྱིས་ལས་ཀ་གནད་སྨིན་བྱུང་བས། མང་ཚོགས་དང་ལས་བྱེད་པའི་དབར་གྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་ཡོད་ཅེས་གྲོང་ཚོར་བཅའ་སྡོད་ལས་བྱེད་པས་ངོ་སྤྲོད་ཞུས་པ་རེད། ཡུས་ཀྲེང་ཧྲེང་གིས་གྲོང་ཚོར་བཅའ་སྡོད་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། གྲོང་ཚོར་བཅའ་སྡོད་ལས་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད་འཚམས་འདྲིའང་གནང་བ་རེད།
         དཔལ་སྡིངས་གྲོང་ཚོའི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ཚོམས་ཆེན་དུ་ཡུས་ཀྲེང་ཧྲེང་གིས་ལས་དོན་པ་དང་དོན་དག་སྒྲུབ་པར་ཡོང་མཁན་མང་ཚོགས་དང་ལས་ཀའི་ཐད་གླེང་མོལ་དང་ཡོང་འབབ་མང་ཉུང་སོགས་ལ་ཅི་འཕྲོས་མོལ་འཕྲོས་གནང་བ་རེད། “ཁྱིམ་དུ་མི་ག་ཚོད་ཡོད་དམ། ས་ཞིང་མུའུ་ག་ཚོད་ཡོད་དམ། འཚོ་བ་ཡག་ཉེས་ཇི་འདྲ་ཡོད”སོགས་ཡུས་ཀྲེང་ཧྲེང་གིས་འཛུམ་དམུལ་དམུལ་ངང་བཀའ་འདྲི་གནང་བ་རེད། གྲོང་མི་ཟླ་བས་དྲི་བ་རེ་རེ་བཞིན་ལན་བཏབ་པ་དང་། ཁོང་གིས་ཡུས་ཀྲེང་ཧྲེང་ལ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པར་བརྟེན། ཡོང་འབབ་ཀྱང་སྔོན་མ་ལས་མང་དུ་ཕྱིན་པ་མ་ཟད། འཚོ་བའང་དེ་བས་ཇེ་ཡག་ཏུ་སོང་ཡོད་ཅེས་ཞུས་པ་རེད། ཡུས་ཀྲེང་ཧྲེང་གིས་གསན་རྗེས་དགྱེས་ཚོར་ཆེན་པོས་ཟླ་བ་དང་ཕན་ཚུན་བཀྲ་ཤིས་སྨོན་འདུན་ཞུ་རེས་གནང་བ་དང་ཆབས་ཅིག་ཕྱག་བཏང་ནས་ཞལ་གྱེས་གནང་བ་རེད།
         “བཀྲ་ཤིས་བདེ་ལེགས”ཞེས་དཔལ་སྡིངས་གྲོང་ཚོའི་ཡུལ་མི་པ་སངས་ཀྱི་ནང་མི་ཚང་མས་ལུས་ལ་གཟབ་མཆོར་སྤྲས་པ་དང་། ལག་ཏུ་དཀར་གཙང་ཁ་བཏགས་ཁྱེར་བ། བཀྲ་ཤིས་ཕྱེ་མར་དང་མཆོད་ཆང་ཁྱེར་ནས་ཡུས་ཀྲེང་ཧྲེང་དང་བཅས་པ་ཕེབས་པར་སྤྲོ་སེམས་ཆེན་པོས་དགའ་བསུ་ཞུས་ཤིང་། ལོ་གསུམ་ལ་སླེབས་པའི་བསོད་ནམས་གཡང་འཛོམས་མདུན་དུ་བཅར་ཏེ་ཡུས་ཀྲེང་ཧྲེང་ལ་མེ་ཏོག་ཕུལ་བ་རེད། ཡུས་ཀྲེང་ཧྲེང་གིས་པ་སངས་ཀྱི་སྡོད་ཁང་གནས་ཚུལ་ལ་ཐུགས་སྣང་ཟབ་མོས་གཟིགས་པ་དང་ཆབས་ཅིག པ་སངས་ཀྱི་ནང་མི་དང་མཉམ་དུ་ཁོད་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་ཚོམས་ཆེན་ནང་མཉམ་དུ་བཞུགས་ཏེ་བཀའ་མོལ་གནང་རིང་། པ་སངས་ཀྱིས་ད་ཆ་ན་དུས་སྨན་ཡོན་རྩིས་ཞུ་བྱ་རྒྱུ་ཡོད་ལ། རྒས་དུས་ཀྱང་འགན་ལེན་ཡོད་པའི་ཁར། ཡོང་སྒོ་ཡང་ལོ་རེ་ལས་ལོ་རེར་མང་དུ་འགྲོ་བས། ང་ཚོས་སེམས་གཏིང་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཚོར་སྣང་ཟབ་མོའི་སྒོ་ནས་བཤད་པར། ཡུས་ཀྲེང་ཧྲེང་གིས་ཁྱེད་ཚོའི་འཚོ་བ་འདི་འདྲ་སྐྱིད་པོ་ཡོད་པ་མཐོང་སྐབས། ང་ཧ་ཅང་དགའ་པོ་བྱུང་། སྒྲོག་ཙེའི་སྟེང་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཕྱག་རྟགས་སྒྲིག་གཤོམ་བྱས་པ་གཟིགས་སྐབས། ཡུས་ཀྲེང་ཧྲེང་གིས་ཇ་མདོང་ཡག་པོ་འདུག་གམ་ཞེས་ཐུགས་སྣང་ཟབ་མོས་བཀའ་འདྲི་གནང་བར། པ་སངས་ཀྱིས་ཕྱག་རྟགས་དེ་དག་ལེགས་ལ་སྤྱོད་གོ་ཆེ་བས་ཡུལ་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་ལན་བརྒྱབ། ཞལ་གྱེས་ཁར། ཡུས་ཀྲེང་ཧྲེང་གིས་བསོད་ནམས་གཡང་འཛོམས་ལ་དཔེ་ཁུག་དང་རྩེད་ཆས་སྤྲད་དེ་པ་སངས་ཀྱི་ནང་མི་དང་མཉམ་དུ། དབུ་ཁྲིད་ལྔའི་སྐུ་པར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་འབྲེལ་བའི་སྐུ་པར་མདུན་དུ་དྲན་རྟེན་པར་ཡང་བསྐྱོན་གནང་བ་རེད། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཚབ་ཞུས་ནས་ཚང་མར་གཟིགས་པར་ཕེབས་པ་གོ་ཐོས་འབྱུང་སྐབས། ཡུལ་མི་རྣམས་ཀྱིས་ལག་ཏུ་དཀར་གཙང་ཁ་བཏགས་ཁྱེར་ནས་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་ལ་འཚམས་འདྲི་དང་སྦྲགས་སྙིང་དབུས་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་སེམས་ཆེན་པོ་འཆང་ལུགས་མཚོན་པར་བྱས་པར། ཡུས་ཀྲེང་ཧྲེང་གིས་ཡུལ་མི་རྣམས་ལ་ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་དང་འབྲེལ་ཡུལ་མི་རྣམས་ཀྱི་འཚོ་བ་ཇེ་ཡག་ཏུ་འགྲོ་བའི་སྨོན་འདུན་ཡང་ཞུས་པ་རེད།
         ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་དང“ལོ་ལྔ་ཚན་བཅུ་གཉིས་པའི”ཚུན། ལྗོངས་ཡོངས་སུ་ལས་ཤག་ཆ་ཚང་ཁྲི་1.3བརྒྱབ་ནས་ལས་བྱེད་པའི་སྡོད་ཁང་གི་དཀའ་གནད་བསལ་ཡོད། ཡུས་ཀྲེང་ཧྲེང་དང་བཅས་པ་རང་སྐྱོང་ལྗོངས་ཀྱི་ཤར་ཕྱོགས་ལས་བཟོའི་ལས་ཤག་སྡེ་ཁུལ་དུ་ཕེབས་ནས་ལས་ཤག་རྒྱག་པའི་མ་གནས་དང་། ཁང་བགོས་དོ་དམ། ཆུ་གློག་སོལ་རླངས་མཁོ་སྤྲོད་སོགས་ཀྱི་གནས་ཚུལ་གསན་ཞིང་། ཡུས་ཀྲེང་ཧྲེང་གིས་ཉི་མ་བཀྲ་ཤིས་ཀྱི་ཁྱིམ་དུ་ཁོང་གི་བུ་ཆུང་བ་དང་དེ་བཞིན་ནང་མི་དང་ཐུགས་སྣང་གཤིན་པོས་བཀའ་མོལ་གནང་ནས་དྲན་རྟེན་པར་སྐྱོན་རིང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་ལས་བྱུང་བའི་བདེ་སྐྱིད་འཚོ་བར་གཟིགས་སྐབས་ཐུགས་ཧ་ཅང་དགྱེས་པོ་བྱུང་ཞིང་། ཁོང་གིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དེ་འཕེལ་རྒྱས་ཀྱི་སྤུས་ཚད་ཅི་ཡིན་འཇལ་བའི་ཚད་གཞི་གལ་ཆེན་དུ་བརྩིས་པའི་ཁར། ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཟོ་བ་དང་། མ་དངུལ་དང་རྣམ་གྲངས་གཞི་རིམ་དང་ཞིང་འབྲོག་པར་ཕྱོགས་ཏེ། མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་དང་བྱ་བ་དངོས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་རྣམས་ལ་སྒྱུར་བཅོས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་ཞེས་གསུངས།
         དགེ་རྒན་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་ཏེ། ཚེས་9ཉིན་གྱི་ཕྱི་དྲོར་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ། བོད་ལྗོངས་སློབ་ཆེན་དང་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཕེབས་ནས་དེ་གའི་དགེ་སློབ་ཚོར་གཟིགས་པ་དང་འབྲེལ། ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་གནང་བ་རེད།
         ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་སློབ་ཆེན་གྱི་འཕེལ་རྒྱས་ལ་ཐུགས་ཁུར་ཆེན་པོ་གནང་གི་ཡོད་ཅིང་། 2013ལོའི་ཟླ་བརྒྱད་པར་བོད་དུ་ལས་དོན་རྟོག་ཞིབ་གནང་རིང་། ཡུས་ཀྲེང་ཧྲེང་ཆེད་དུ་བོད་ལྗོངས་སློབ་ཆེན་དུ་གཟིགས་ཞིབ་གནང་བར་ཕེབས་ནས། སློབ་གྲྭའི་འཕེལ་རྒྱས་ལ་རེ་བ་ནན་པོ་བཏོན་མྱོང་ཡོད་པ་རེད། བོད་ལྗོངས་སློབ་ཆེན་གྱི་སློབ་ཁུལ་གསར་པའི་དཔེ་མཛོད་ཁང་དུ་ཡུས་ཀྲེང་ཧྲེང་གིས་སློབ་གྲྭའི་ལོ་རྒྱུས་དང་། སློབ་ཚན་བཀོད་སྒྲིག ཁྱད་ལྡན་ཆེད་ལས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་མ་ཟད། ད་དུང་བོད་རྒྱ་སྣོལ་རེས་ཚུལ་གྱི་སྨྱན་མང་སློབ་ཁྲིད་མ་ལག་དང་། གངས་སྤྱན་རྒྱ་བོད་འཕྲུལ་ཆས་ཡིག་སྒྱུར་མ་ལག་ལའང་གཟིགས་པ་དང་། ཡུས་ཀྲེང་ཧྲེང་གིས་བོད་ལྗོངས་སློབ་ཆེན་གྱི་སློབ་གཉེར་ཁྱད་ཆོས་མཐའ་འཁྱོངས་དང་། ཆེད་ལས་གྲུབ་ཆ་ལེགས་སྒྲིག སྤྱི་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུ་བ་བཅས་ཀྱི་བྱེད་སྟངས་ལ་ཁས་ལེན་གང་ལེགས་གནང་བ་རེད། དཔེ་ཀློག་ཁང་དུ་ཡུས་ཀྲེང་ཧྲེང་གིས་སློབ་གྲོགས་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་དང་། སློབ་གྲྭ་ཐོན་རྗེས་ཀྱི་འཆར་གཞི་སོགས་བཀའ་འདྲི་གནང་ནས། སློབ་གྲོགས་ཚོ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་། སློབ་གྲོགས་ཚོས་དགའ་སྤྲོ་རབ་ཏུ་འཕེལ་བཞིན་ཡུས་ཀྲེང་ཧྲེང་གི་མཐའ་སྐོར་ནས་ཉན་པ་རེད། སློབ་གྲོགས་ཟླ་བ་འོད་ཟེར་གྱིས་སློབ་གྲྭ་ཐོན་རྗེས་རང་ཉིད་ཀྱིས་ལས་གཏོད་བྱེད་ཀྱི་ཡིན་ཞེས་བཤད་པ་གསན་རྗེས། ཡུས་ཀྲེང་ཧྲེང་གིས་ཁོ་པ་ནི་ཕུགས་བསམ་ལྡན་པའི་སློབ་མ་ཡག་པོ་ཞིག་རེད་ཅེས་བསྔགས་བརྗོད་གནང་བ་དང་། ཁོང་གིས་སློབ་གྲོགས་ཚོར་སོ་སོའི་ལས་ཞུགས་ནུས་པ་མཐོ་རུ་ཧུར་ཐག་བཏང་སྟེ། ལས་ཞུགས་འདུ་ཤེས་ཀྱང་བསྒྱུར་ནས། དངོས་ཡོད་ལ་གཞི་འཛུགས་པ་དང་། མཐའ་མཚམས་ལ་རྩ་བ་འཛུགས་པ། གསར་གཏོད་བྱེད་ཕོད་པ། ལས་གཏོད་བྱེད་ཕོད་པ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་རྒྱུན་འཛིན་པ་ཚད་ལྡན་ཞིག་བྱེད་དགོས་ཞེས་ལྕག་སྐུལ་གནང་བ་རེད།
         ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་ཡུས་ཀྲེང་ཧྲེང་དང་བཅས་པས་ལྷ་ས་གྲོང་ཁྱེར་གྱི་སློབ་གསོ་ལས་དོན་པའི་འཐུས་མི་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་མ་ཟད། ད་དུང་ལྷན་དུ་དྲན་རྟེན་པར་ཡང་བསྐྱོན་ནས། ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་དང་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད། ཡུས་ཀྲེང་ཧྲེང་གིས་བོད་ཀྱི་འབྱུང་འགྱུར་ནི་གཞོན་ནུ་ཚོར་ཐུག་ཡོད་པ་དང་། གཞོན་ནུའི་འཚར་ལོངས་ཀྱི་བརྒྱུད་རིམ་ཁྲོད་དགེ་རྒན་གྱི་ནུས་པ་ནི་ཧ་ཅང་གལ་ཆེན་པོ་རེད། རྒྱ་ཆེའི་སློབ་གསོ་ལས་དོན་པ་ཚོས་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་འབྱུང་འགྱུར་དང་མེས་རྒྱལ་གྱི་འབྱུང་འགྱུར་ལ་སོ་སོའི་ལས་འགན་གཙང་སྒྲུབ་བྱེད་པའི་ཐུགས་རེ་ཡང་བཏོན་གནང་བ་དང། ཡུས་ཀྲེང་ཧྲེང་གིས་སློབ་གྲོགས་ཚོར་སློབ་སྦྱོང་ཡག་པོ་བྱས་ནས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་པར་བྱས་ཏེ་སློབ་གྲྭ་ཐོན་རྗེས་ཚང་མར་ལས་ཀ་ཡག་པོ་རག་རྒྱུའི་ཐུགས་རེ་བཏོན་གནང་བ་རེད།
         རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་མཉམ་དུ་ཕེབས་ཡོད་པ་རེད།