མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་སྣེ་ཁྲིད་དེ་པེ་ཅིང་དུ་ཕྱིར་ལོག་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་13ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་གཙོ་གནང་བའི་ཀྲུང་དབྱང་སྐུ་ཚབ་ཚོགས་པས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་ཏེ་ཟླ་9ཚེས་11ཉིན་གཞིས་རྩེའི་འཚམས་འདྲིའི་བྱེད་སྒོ་ཁག་མཇུག་འགྲིལ་རྗེས། ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་དུ་ཕྱིར་ལོག་གནང་བ་རེད། ཉིན་ཤས་བསྟུད་མར་ཀྲུང་དབྱང་སྐུ་ཚབ་ཚོགས་པས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་མཛའ་མཐུན་ཟབ་མོ་གངས་ལྗོངས་ས་མཐོར་མཚོན་པར་བྱས་པ་དང་ཏང་གི་ཉི་འོད་འཛམ་གླིང་ཡང་རྩེར་འཕྲོ་བར་གནང་ཡོད། ས་ཆ་གང་དུ་ཕེབས་ཀྱང་དམངས་ཀྱི་གནས་ཚུལ་རྟོག་ཞིབ་དང་། དམངས་ཀྱི་འབོད་སྒྲ་གསན་པ། དམངས་ཀྱི་འདོད་བློ་མཁྱེན་རྟོགས། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་གནང་བས། བོད་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་ཡོད།
         ཀྲུང་དབྱང་སྐུ་ཚབ་ཚོགས་པ་བོད་ནས་ཞལ་གྱེས་གནང་སྐབས། གཞིས་རྩེར་ཕེབས་རྫོང་མཛད་སྒོ་གཟབ་རྒྱས་ཤིག་འཚོགས་ཤིང་། མི་རིགས་ཀྱི་གྱོན་ཆས་གོན་པའི་ལས་བྱེད་མང་ཚོགས་ཚོས་གླུ་ལེན་གར་འཁྲབ་ཀྱིས“བཀྲ་ཤིས་བདེ་ལེགས”ཞེས་སྐད་གསང་མཐོན་པོས་བསྒྲགས་ཏེ་ས་མཐོའི་བུ་ཕྲུག་གིས་ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུའི་ཕུགས་འདུན་བཟང་པོ་མངོན་པར་བྱས་པ་རེད།
         དེ་ཉིན་སྔ་དྲོ་ཡུས་ཀྲེང་ཧྲེང་གིས་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཁོངས་མི་ཁག་གཅིག་གི་སྣེ་ཁྲིད་དེ་ཆེད་མངགས་ལྕགས་འདམ་ཤང་ཀོ་ལྕག་གྲོང་ཚོར་ཕེབས་ནས་གྲོང་ཚོ་ཨུ་ལྷན་དུ་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག། ཡུལ་མིའི་ཁྱིམ་དུའང་བྱམས་བརྩེའི་ངང་གཟིགས་པར་ཕེབས། སྦྱིན་བདག་གིས་ལག་ཏུ་བཀྲ་ཤིས་ཕྱེ་མར་དང་། དཀར་གཙང་མཇལ་དར། ཞིམ་མངར་མཆོད་ཆང་བཅས་ཁྱེར་ནས་སྒོ་འགྲམ་དུ་གུས་པར་འོས་པའི་སྐུ་མགྲོན་ཕེབས་སྒུག་ཞུས་ནས་བསྡད། ཡུས་ཀྲེང་ཧྲེང་གིས་ཉིས་ཐོག་གི་བོད་བཟོའི་མགྲོན་ཚོམས་སུ་ཕེབས་ནས་ཁྱིམ་མི་ཚོ་དང་ལྷན་དུ་བཞུགས་ཏེ་བདེ་སྡུག་བཀའ་འདྲི་གནང་ཞིང་། བོད་རིགས་ཡུལ་མི་ཚོ་ཡངས་ཤིང་དཀར་ཆ་དོད་པའི་ཁང་གསར་དུ་བསྡད་པ་དང་། སྤྱོད་གོ་ཆོད་པའི་ཁྱིམ་ཆས་གློག་ཆས་བསྒྲིགས་པ། མི་རྒན་པ་ཚང་མར་ལས་ཀ་ཡོད་པ། ཕྲུ་གུ་ཚང་མ་སློབ་གྲྭར་སྐྱོད་པ། འཚོ་བའི་ཆུ་ཚད་མཐོ་རུ་ཆེན་པོ་ཕྱིན་ཡོད་པ་བཅས་གཟིགས་སྐབས། ཐུགས་མོས་ཆེན་པོ་གནང་བ་རེད། ཡུས་ཀྲེང་ཧྲེང་གིས། ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བར་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ང་ཚོ་ཁྱེད་ཚོར་ལྟ་བར་མངགས་བྱུང་། ཁྱེད་ཚོས་ཕྱུག་འགྱུར་གྱི་སྒོ་མོ་ཡངས་པོར་ཕྱེ་ནས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་སྔར་བས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུའི་རེ་བ་ཡོད། ཕྲུ་གུ་ཚོའི་སློབ་སྦྱོང་སྦྱངས་འབྲས་སྔར་བས་ཇེ་ཡག་དང་ལས་ཀའི་འཇོན་ཐང་དེ་བས་ཆེ་རུ་བཏང་ནས། འབྱུང་འགྱུར་འཕེལ་རྒྱས་སྔར་བས་ཆེ་བ་ཡོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་རག་སྡིས་ཀྱང་འཚམས་འདྲིའི་བྱེད་སྒོར་ཕེབས་ཡོད་པ་རེད།
         ཀྲུང་དབྱང་སྐུ་ཚབ་ཚོགས་པ་ཟླ་9ཚེས་6ཉིན་པེ་ཅིང་ནས་ཞལ་གྱེས་ཏེ་ལྷ་སར་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་མཛད་སྒོར་ཕེབས་པ་རེད།