མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་24ཉིན། 10:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་དང་གྲོས་མོལ་གནང་བ།

         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལོན་ཏོན་ཐང་ཉིང་ཁྲོམ་གཞུང་དུ་ཡོད་པའི་དབུ་བཞུགས་བློན་ཆེན་ལས་ཤག་ཁང་དུ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་དང་གྲོས་མོལ་གནང་བ་རེད། ཕྱོགས་གཉིས་པོས་ཀྲུང་དབྱིན་འབྲེལ་བའི་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་གལ་ཆེན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བས་གལ་ཆེའི་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་ནས་ཀྲུང་དབྱིན་གྱིས་དུས་རབས་ཉེར་གཅིག་པར་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུ་དང་ཡུན་རིང་དང་། སྒོ་དབྱེ། གཉིས་ཁེ་བཅས་ཀྱི་ཀྲུང་དབྱིན་འབྲེལ་བའི་རྫོགས་ལྡན་དུས་རབས་གཏོད་རྒྱུའི་ཐག་བཅད་པ་རེད།
          ཞིས་ཅིན་ཕིང་གིས་བསྟན་དོན། དབྱིན་ཇི་ནི་གནའ་རབས་དང་དེང་རབས་ཟུང་དུ་འབྲེལ་བ་དང་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་རྒྱལ་ཁབ་ཅིག་ཡིན། ད་ཕན་ལོ་ཤས་རིང་ཀྲུང་དབྱིན་དབར་གྱི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་འཕེལ་རྒྱས་མགྱོགས་ལམ་ཐོག་སླེབས་ཡོད། འདི་ལོ་ནི་ཀྲུང་དབྱིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ལོ་བཅུ་ཐེངས་གཉིས་པའི་འགོ་ཚུགས་ལོ་ཡིན་ལ། རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་པོའི་འབྲེལ་བ་དང་གཉིས་ཁེ་མཉམ་ལས་སྔར་བས་ཟབ་ཏུ་གཏོང་བའི་ལོ་ཡང་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་དབྱིན་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་དང་མཉམ་དུ་ཀྲུང་དབྱིན་འབྲེལ་བའི་ངེས་གནས་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཕྱོགས་གཉིས་པོའི་མཉམ་ལས་ཇུས་གཞི་འགོད་པ་བཅས་བྱས་ཏེ་ཀྲུང་དབྱིན་དབར་གྱི་འབྲེལ་བ་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
          ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིས་ཀྲུང་གོར་སྒོ་མོ་ཆེ་ཤོས་འབྱེད་མཁན་གྱི་མཉམ་ལས་རོགས་ཟླ་བྱེད་འདོད་པ་དེར་བསྔགས་བརྗོད་བྱ་རྒྱུ་ཡིན། ང་ཚོས་དབྱིན་ཇི་ཕྱོགས་དང་མཉམ་དུ་ཀྲུང་དབྱིན་དབར་གྱི་འབྲེལ་བ་དེ་ཆུ་ཚད་དེ་བས་མཐོ་བའི་ཐོག་ཡུན་རིང་བརྟན་པོ་ཡོང་རྒྱུ་འགན་ལེན་དང་། དེ་བས་རྒྱ་ཆེ་བའི་ཁྱབ་ཁོངས་ནང་གི་ཀྲུང་དབྱིན་མཉམ་ལས་ཀྱི་སྒོ་དབྱེ་དང་ཁོང་ཡངས་མཐའ་འཁྱོངས་བྱས་ཏེ་དེ་བས་ཁྱབ་རྒྱ་ཆེ་བའི་ནང་ཀྲུང་དབྱིན་འབྲེལ་བའི་གཉིས་ཁེ་གཉིས་ཕན་མངོན་འགྱུར་བྱེད་འདོད་ཡོད། ཀྲུང་དབྱིན་ཕྱོགས་གཉིས་པོས་བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་བཅས་ཀྱི་ཐད་ཕན་ཚུན་བརྩི་འཇོག་དང་རང་ཉིད་ཀྱིས་བདམས་པའི་འཕེལ་རྒྱས་ཀྱི་ལམ་བུར་ཕན་ཚུན་བརྩི་འཇོག་བྱེད་དགོས། མཉམ་ལས་གཉིས་ཕན་གྱི་བྱེད་ཐབས་ཐོག་ནས་ཕན་ཚུན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱ་རྒྱུར་ཐུན་མོང་ཐོག་གཞོལ་དགོས། སྒོ་དབྱེ་ཁོང་ཡངས་ཀྱི་རྣམ་འགྱུར་ཐོག་ནས་ཕ་རོལ་པོར་ལྟ་སྟངས་འཛིན་ཏེ་མཐུན་ལ་སོ་སོའི་ཁྱད་ཆོས་ལྡན་པ་བྱེད་དགོས། ལག་ལེན་གྱི་ཐོག་ནས་ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། ཁོང་ཡངས་དཔྱད་གཞིར་འཛིན་པ་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱས་ཚེ། ཀྲུང་དབྱིན་དབར་གྱི་འབྲེལ་བ་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ་པ་ར་སྤྲོད་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་དབྱིན་ཀེ་ལན་བྱང་རྒྱུད་ས་ཁུལ་དུ་མ་འཇོག་བྱ་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་ནུབ་ཕྱོགས་རྒྱལ་ཁབ་ཆེན་པོ་ཡིན་པའི་དབྱིན་ཇི་འདི་ཉིད་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་དང་པོར་འགྱུར་རྒྱུའི་གཏན་འབེབས་དེར་དགའ་བསུ་ཞུ་རྒྱུ་ཡིན་ལ། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཡོ་རོབ་བསྐྱར་དར་གསར་སྤེལ་དངུལ་ཁང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད།
          ཁེ་མེ་ལུན་གྱིས་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་ཐེངས་དབྱིན་ཇིར་འཚམས་འདྲི་གནང་བ་དེར་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་ལ། ཕྱོགས་གཉིས་པོས་རྣམ་གྲངས་ཆེ་གྲས་མང་པོ་དང་དཔལ་འབྱོར་ཚོང་དོན་ཐད་གྲོས་མཐུན་བཞག་པ་དེས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་རྒྱུ་རེད།
         དབྱིན་ཇི་ཀྲུང་གོའི་ནུབ་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་ཡག་ཤོས་སུ་འགྱུར་འདོད་ཡོད་ལ་ཀྲུང་གོ་ཕྱོགས་དང་དངུལ་རྩ་དང་། ནུས་རྒྱུ། གསར་གཏོད་ཐོན་ལས། འཐུས་མཆན་ཐད་སྟབས་བདེ་བསྐྲུན་རྒྱུ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་རྒྱ་ཆེར་གཏོང་རྒྱུ་ཡིན། དབྱིན་ཇི་འདི་ཉིད་ཕྱོགས་ཀྱིས་ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་འཛུགས་རྒྱུའི་ནང་ཧུར་ཐག་ཞུགས་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་ཧུར་ཐག་བྱེད་འདོད་ཡོད། དབྱིན་ཇི་འདི་ཉིད་དཔལ་འབྱོར་ལེགས་སྒྲིག་བརྒྱུད་རིམ་ནང་གནས་བཞིན་ཡོད་པས། ཀྲུང་གོའི་ཁེ་ལས་དབྱིན་ཇིར་མ་འཇོག་བྱས་ནས་བྱ་གཞག་གཉེར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཡོ་རོབ་ཀྱིས་སྔ་ཙམ་ཀྲུང་གོ་དང་རང་མོས་ཚོང་དོན་ཁུལ་གྱི་གྲོས་མཐུན་འཇོག་རྒྱུར་དབྱིན་ཇིས་རྒྱབ་སྐྱོར་བྱས་ཏེ་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
          རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་དབར་ཐུན་མོང་ངོས་འཛིན་གཅིག་གྱུར་བྱུང་ནས་ཀྲུང་དབྱིན་གྱིས་དུས་རབས་ཉེར་གཅིག་པར་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུའི་ཐག་བཅད་པ་རེད།
          ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་གི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་འཐབ་ཇུས་དང་། དཔལ་འབྱོར་ནོར་དངུལ། རིག་གནས། བདེ་འཇགས་སོགས་མཐོ་རིམ་གླེང་མོལ་སྤེལ་རེས་ཀྱི་ལམ་སྲོལ་ཡག་པོ་སྤྱོད་རྒྱུ་དང་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དང་། རྒྱལ་སྤྱིའི་དཔལ་འབྱོར་དངུལ་རྩ་བཅོས་སྒྲིག གནམ་གཤིས་འགྱུར་ལྡོག རྒྱལ་སྤྱིའི་ཞི་བདེ་སྲུང་སྐྱོང་སོགས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་གལ་ཆེན་ཐད་འབྲེལ་བ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་མང་གི་ཐོག་ནས་ཀྲུང་དབྱིན་འབྲེལ་བ་ཟབ་ཏུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་གནང་བ་རེད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དེ་བས་ཟབ་ཏུ་བཏང་སྟེ“གཅིག་ཐོག་གཅིག་བསྡོམས་ན་གཉིས་ལས་ཆེ་བའི”ཁྱབ་འགྱེད་ཕན་ནུས་འདོན་སྤེལ་ཐུབ་རྒྱུའི་ངོས་འཛིན་གནང་བ་རེད།
          ཕྱོགས་གཉིས་པོས་ཁྱབ་རྒྱ་དེ་བས་ཆེ་བ་དང་། ཆུ་ཚད་དེ་བས་མཐོ་བ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་བྱས་ཤིང་། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་དངུལ་རྩ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟོ་སྐྲུན་ལས་རིགས་རྩེ་གྲ ནུས་རྒྱུ་གསར་པ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། སྐྱེ་དངོས་སྨན་བཟོ་སོགས་ཁྱབ་ཁོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་མ་འཇོག་ཁྲོམ་རའི་ཁྲོད་ཆུ་ཚད་དེ་བས་མཐོ་བ་དང་། སྣེ་མང་ཅན། རིམ་པ་མང་བ་བཅས་ཀྱི་དངོས་གཉེར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་མ་ཟད། རིག་གནས་སྤེལ་རེས་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་ཁབ་གཉིས་ཀྱི་སློབ་མའི་དབར་མུ་མཐུད་སྤེལ་རེས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱི་མི་སྣ་འགྲོ་འོང་ཟབ་ཏུ་གཏོང་རྒྱུའི་མོས་མཐུན་ཡང་གནང་བ་རེད།
          ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་བ་བྱ་རྒྱུ་རྒྱུན་འཁྱོངས་དང་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་མཉམ་ལས་བྱ་རྒྱུ་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་བྱ་གཞག་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་ད་དུང་གནམ་གཤིས་འགྱུར་ལྡོག་དང་། རྒྱལ་སྤྱིའི་འཕེལ་རྒྱས། གོ་ལའི་འཕྲོད་བསྟེན། རྒྱལ་ཁབ་ཉི་ཤུ་པའི་ཚོགས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་བཅས་དང་དེ་བཞིན་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།
          གྲོས་མོལ་གྲུབ་རྗེས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆར་མིང་རྟགས་བཀོད་པར་ཐུན་མོང་ཐོག་དཔང་པོ་གནང་བ་དང་ནང་དོན་དངུལ་རྩ་དང་། འགག་སྒོ ས་གནས་མཉམ་ལས། གསར་དར་ཐོན་ལས། རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་རེད།
          ཞིས་ཅིན་ཕིང་དང་ཁེ་མེ་ལུན་གྱིས་ད་དུང་གསར་འགོད་པ་དང་ཐུག་འཕྲད་གནང་སྟེ་ཀྲུང་དབྱིན་འབྲེལ་བ་དང“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་སོགས་ཐད་ཀྱི་དྲི་བར་ལན་བསྐྱོན་གནང་བ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེའི་དུས་ཚོད་ཚེས་21ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་ལོན་ཏོན་དངུལ་རྩའི་གྲོང་དུ་འཚོགས་པའི་ཀྲུང་དབྱིན་བཟོ་ཚོང་དབུ་ཚོགས་ནང་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་གསུངས་པ་རེད།
         ཞིས་ཅིན་ཕིང་གིས་མིག་སྔའི་འཛམ་གླིང་དཔལ་འབྱོར་ལ་འགྱུར་ལྡོག་མང་བས་འགྱུར་ལྡོག་ཇི་ཙམ་ཕྱིན་ན། ང་ཚོས་དེ་ཙམ་གྱིས་ཆོད་སེམས་བརྟན་དུ་གཏོང་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་དང་དཔལ་འབྱོར་ཆོས་ཉིད་ཀྱིས་ང་ཚོར་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ལ་ཡམ་ཡོམ་གྱི་གནས་ཚུལ་ཐོན་མོད། འོན་ཀྱང་མཐར་འཕར་རྒྱུ་ནི་ལོས་ཡིན་པ་དང་། སྐབས་ཤིག་རིང་གི་གྲངས་གཞི་མཐོ་དམའ་འམ་ཡང་ན་ཁྲོམ་རའི་འཕར་ཆག་གིས་དུས་བབ་ཆེན་པོ་དེར་འགྱུར་ལྡོག་གཏོང་མི་སྲིད་པ་བསྟན་ཡོད་ཅེས་གསུངས་པ་རེད།
          ཞིས་ཅིན་ཕིང་གིས་དུས་རབས་གསར་པར་བསམ་བློ་གསར་པ་ཡོད་དགོས། “རྒྱུད་གཅིག་ལམ་གཅིག”བསྐྲུན་པ་དེས་ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་གོ་སྐབས་ཆེན་པོ་ཞིག་འཕྲད་རྒྱུ་རེད། “རྒྱུད་གཅིག་ལམ་གཅིག”ནི་སྒོ་དབྱེའི་རྣམ་པ་ཞིག་ཡིན། དེ་ནི་ཨ་ཧྥེ་རི་ཁ་བརྒལ་བ་དང་ཨེ་ཤེ་ཡ་དང་ཡོ་རོབ་འབྲེལ་བའི་རྒྱ་ཁྱབ་ཀྱི“གྲོགས་པོའི་འཁོར་རྒྱ”ཞིག་ཡིན་པ་དང་དེའི་ནང་ཞུགས་འདོད་པའི་རྒྱལ་ཁབ་ཚང་མ“གྲོགས་པོའི་འཁོར་རྒྱ”དེའི་ནང་འཛུལ་ཆོག “རྒྱུད་གཅིག་ལམ་གཅིག”ནི་སྣེ་མང་ཞིག་ཡིན་པ་དང་མཉམ་ལས་ཁྱབ་ཁོངས་ཁག་ཏུ་ཁྱབ་ཡོད་ལ་མཉམ་ལས་ཀྱི་བྱེད་ཐབས་སྣ་མང་ཞིག་ཀྱང་ཡིན། “རྒྱུད་གཅིག་ལམ་གཅིག”ནི་གཉིས་ཁེ་ཞིག་ཡིན་པ་དང་རྒྱལ་ཁབ་ཁག་ཐུན་མོང་ཐོག་ཞུགས་པ་དང་མཉམ་གྲོས་མཉམ་འཛུགས་མཉམ་སྤྱོད་བཅས་ཀྱི་རྩ་དོན་ལ་གཞིགས་ནས་ཐུན་མོང་ཐོག་འཕེལ་རྒྱས་དང་གྲ་རྒྱས་མངོན་འགྱུར་བྱེད་ཐུབ། ལམ་དེ་ནི་ཕྱོགས་ག་གེ་མོ་ཞིག་སྒེར་གྱི་འཕྲང་ལམ་ཞིག་མིན་པར་ཚང་མ་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་སའི་འོད་ཟེར་ལྡན་པའི་ལམ་ཆེན་ཞིག་ཡིན་ཞེས་ནན་བཤད་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱི་ཐོན་ལས་གྲུབ་ཆའི་ཕན་གསབ་རང་བཞིན་ཆེན་པོ་ལྡན་པ་དང་། ཐུན་མོང་ཐོག་སྒོ་དབྱེའི་ཁྲོམ་ར་སྲོལ་གཏོད་བྱེད་པའི་འདུ་ཤེས་འདྲ་བ། རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་མ་འཇོག་རྒྱ་ཆེར་གཏོང་བའི་བསམ་འདུན་འདྲ་བ་བཅས་ཡོད། ཀྲུང་དབྱིན་གྱིས“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་ནང་མཉམ་ལས་ཐད་མདུན་ལམ་ཆེན་པོ་ལྡན་ཡོད་ལ། མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད་ཅེས་གསུངས་ཤིང་། ཞིས་ཅིན་ཕིང་གིས་ཀྲུང་དབྱིན་དབར་གྱི་མཉམ་ལས་ཐད་རྣམ་པ་གསར་པ་གཏོད་ཆེད་གྲོས་འགོ་བཞི་བཏོན་གནང་བ་སྟེ།
           གཅིག ཕན་ཚུན་ཡིད་ཆེས་དེ་བས་ཟབ་ཏུ་གཏོང་དགོས། རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་ནི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་རྒྱུ་དེ་ཡིན། ཕན་ཚུན་ཡིད་ཆེས་མེད་ན། མཉམ་ལས་གང་ཡང་སྒྲུབ་མི་ཐུབ། ངས་ད་ཐེངས་འཚམས་འདྲི་བྱེད་སྐབས་ཀྲུང་དབྱིན་ཕྱོགས་གཉིས་པོས་དུས་རབས་ཉེར་གཅིག་པར་ཕྱོགས་པའི་གོ་ལ་ཧྲིལ་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཐུན་མོང་ཐོག་འཛུགས་རྒྱུ་ཐག་བཅད་པ་དེས་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱིས་ལོ་ལྔ་ནས་ལོ་བཅུའི་བར་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་བྱས་པས་ཀྲུང་དབྱིན་གྱི་མཉམ་ལས་མགྱོགས་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་དང་།
         གཉིས། འཐབ་ཇུས་འབྲེལ་མཐུད་ཐད་ཤུགས་སྣོན་རྒྱག་དགོས། ཀྲུང་དབྱིན་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཐོན་ལས་སྲིད་ཇུས་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དེ་ནི་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུའི་དགོས་ངེས་ཀྱི་འོས་འགན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་མ་རྩ་དང་། ལག་རྩལ། ཤེས་ལྡན་མི་སྣ་བཅས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད། “དྲ་སྦྲེལ་+”“ཀྲུང་གོའི་བཟོ་སྐྲུན་2025”བཅས་ནང་ཞུགས་རྒྱུར་དགའ་བསུ་ཞུས་ནས་དབྱིན་ཇིའི་ཁེ་ལས་ལ་འབྲེལ་ཡོད་སྲིད་ཇུས་ཆ་འཕྲིན་དང་མ་འཇོག་ཁོར་ཡུག་བཟང་པོ་མུ་མཐུད་མཁོ་འདོན་བྱེད་འདོད་ཡོད། དབྱིན་ཇི་སྲིད་གཞུང་གིས་ཀྱང་བཏོན་པའི“དབྱིན་ཇིའི་བཟོ་ལས2050ལོའི་འཐབ་ཇུས”དེ་ཀྲུང་གོའི་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ཐོན་ལས་སྲིད་ཇུས་དང་མཐུན་པས་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་གོ་སྐབས་ཆེན་པོ་འཕྲད་རྒྱུ་རེད།
         གསུམ། ཞིབ་ཕྲའི་མཉམ་ལས་ཏན་ཏིག་སྒྲུབ་དགོས། ཀྲུང་དབྱིན་མཉམ་ལས་ལ་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པ་བྱས་ཚེ་གཞི་ནས་རྒྱལ་ཁབ་གཉིས་ཀྱི་རྒྱ་ཆེའི་དམངས་ཚོགས་ལ་ཕན་པ་ཐོབ་ཐུབ། ཕྱོགས་གཉིས་པོས་ཉིང་རྡུལ་གློག་ཁང་དང་། མྱུར་བགྲོད་ལྕགས་ལམ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་ཆེན་པོ་ཏན་ཏིག་དང་ཡག་པོ་སྒྲུབ་ནས་མཚོན་བྱེད་རང་བཞིན་གྱི་མཉམ་ལས་དག་མགྱོགས་མྱུར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་པོས་ཕུགས་ཕན་ལམ་སྲོལ་བཙུགས་ནས་རྒྱལ་ཁབ་གཉིས་པོའི་ས་ཁུལ་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་དུ་འགྱུར་རྒྱུའི་ལས་དོན་དེ་ལོན་ཏོན་དང་ཡོ་རོབ་ཏུ་སྤེལ་རྒྱུའི་བརྒྱུད་རིམ་ལ་མཐོང་ཆེན་བྱས་ཏེ་དབྱིན་ཇིར་མི་དམངས་ཤོག་སྒོར་ངོགས་བྲལ་གྱི་ཁྲོམ་ར་འཕེལ་རྒྱས་གཏོང་རྒྱུར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་དབྱིན་ཇི་ཕྱོགས་དང་མཉམ་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སོགས་ཕྱོགས་མང་དངུལ་རྩའི་སྒྲིག་གཞིའི་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་དབྱིན་གྱི་ཁེ་ལས་འབྲིང་ཆུང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཀྲུང་གོའི་ཁེ་ལས་ཕྱིར་བསྐྱོད་ནས་མ་འཇོག་བྱ་རྒྱུར་མུ་མཐུད་སྐུལ་ལྕག་བྱེད་འདོད་ཡོད་ལ་དབྱིན་ཇིའི་ཁེ་ལས་དེ་བས་མང་བས་ཀྲུང་གོར་མ་འཇོག་བྱས་ནས་ཁེ་ལས་གཉེར་རྒྱུར་ཡང་དགའ་བསུ་ཞུ་རྒྱུ་ཡིན། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་མ་འཇོག་ཁོར་ཡུག་དང་སྟབས་བདེའི་ཆ་རྐྱེན་བཟང་པོ་མུ་མཐུད་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
          བཞི། བྱེད་ཐབས་གསར་གཏོད་བྱེད་དགོས། ང་ཚོས་ཕྱོགས་གཉིས་པོའི་གསར་དར་ཐོན་ལས་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཀྲུང་གོའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཆེ་གྲས་བདུན་དང་དབྱིན་ཇིའི་ལག་རྩལ་དང་འཐབ་ཇུས་ཐོན་ལས་ཆེ་གྲས་བརྒྱད་དབར་གྱི་གཉིས་ཁེའི་མཉམ་ལས་བྱེད་དགོས། ཀྲུང་དབྱིན་ཁེ་ལས་ཀྱིས་ཕྱོགས་གཉིས་པོའི་དབར་མཉམ་ལས་བྱེད་སྐབས་ད་དུང་ཕྱོགས་གསུམ་པོའི་མཉམ་ལས་སྤེལ་ཐོག་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་ཁྲོམ་ར་གཏོད་ཆོག ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་སྔར་བས་དཔྱད་བསྡུར་བྱས་ཏེ་ཕྱོགས་གསུམ་པའི་དགོས་མཁོ་དང་། མོས་མཐུན། ཞུགས་པ་བཅས་ཀྱི་རྨང་གཞིའི་ཐོག་རང་སོ་སོའི་ལེགས་ཆ་འདོན་སྤེལ་བྱས་ནས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་སོགས་ས་ཁུལ་གྱི་རྒྱལ་ཁབ་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་ཐོག་རོགས་རམ་བྱེད་དགོས། ཕྱོགས་ཁག་གི་རྒྱུ་རྐྱེན་ལ་བསམ་བློ་བཏང་སྟེ་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་དང་། འཛུགས་སྐྲུན་། གཉེར་སྐྱོང་། ནང་བཤུག་སོགས་མ་འཇོག་དང་མ་རྩ་མཉམ་འདྲེས་དང་གཉེར་སྐྱོང་གི་རྣམ་པར་ཚོད་སྐོར་བྱེད་པ་དང་ལེགས་པའི་ཁྲོད་ནས་རྩེ་གྲ་འདེམས་པ་དང་ལེགས་ཆ་ཕན་གསབ་བྱས་ཏེ་མཉམ་ལས་ཀྱི་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་ཆེ་ཤོས་དོན་གཉེར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།
         དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁེ་མེ་ལུན་གྱིས་ཤིས་ཚིག་གསུངས་སྐབས་དབྱིན་ཇི་སྲིད་གཞུང་གིས་ནུས་ལྡན་གྱི་དབྱིན་ཀྲུང་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏོར་རྒྱུར་གཞོལ་བཞིན་ཡོད། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་སོགས་ཀྱི་རྒྱ་ཁྱབ་མཉམ་ལས་དེ་རྒྱལ་ཁབ་གཉིས་དང་ཐ་ན་རྒྱལ་སྤྱིའི་སྤྱི་ཚོགས་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ད་ཐེངས་དབྱིན་ཇིར་འཚམས་འདྲི་གནང་རིང་ཕྱོགས་གཉིས་པོས་ཉིང་རྡུལ་ནུས་པ་དང་དངུལ་རྩ་སོགས་ཁྱབ་ཁོངས་ཐད་མཉམ་ལས་ཀྱི་གྲོས་མཐུན་གསར་པ་རབ་དང་རིམ་པ་བཞག་པ་དེས་དབྱིན་ཀྲུང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཆེ་བའི་བདེ་སྐྱིད་བསྐྲུན་རྒྱུ་རེད། དབྱིན་ཇི་སྲིད་གཞུང་གིས་ཀྲུང་གོས་མ་འཇོག་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་དབྱིན་ཀྲུང་འབྲེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་སྐུལ་ལྕག་ཀྱང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལོན་ཏོན་དུ་ཀྲུང་དབྱིན་གསར་གཏོད་ཐོན་ལས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་རེད།
          ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་རླངས་འཁོར་ནང་བཞུགས་ཏེ་ལན་ཁ་སི་ཐེ་ཕོ་བྲང་དུ་འབྱོར་སྐབས་དབྱིན་ཇིའི་ཅན་ཆའོ་ཀུང་ཅོའེ་རྒྱལ་སྲས་ཝུའེ་ལན་དང་བཙུན་མོ་ཁའེ་ཐེ་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་བ་ཞུས་པ་རེད།
         རྒྱལ་སྲས་ཝུའེ་ལན་སྟངས་དཔྱལ་གྱི་ཕེབས་རོགས་འོག་ཞིས་ཅིན་ཕིང་ལན་ཁ་སི་ཐེ་ཕོ་བྲང་དུ་ཕེབས་ནས་ཀྲུང་དབྱིན“གསར་གཏོད་ལས་དོན་ཁང”གི་མཉམ་ལས་རྣམ་གྲངས་ཀྱི་དྲིལ་བསྒྲགས་འགྲེམས་སྟོན་དང་། ཀྲུང་དབྱིན་རིག་གནས་སྤེལ་རེས་ལོའི་དྲིལ་བསྒྲགས་པར་གཞི་དེ་བཞིན་རྒྱལ་ཁབ་གཉིས་པོའི་རིག་གནས་བརྩམས་ཆོས་རྩེ་གྲ་བཅས་ལ་གཟིགས་པ་མ་ཟད། ཀྲུང་དབྱིན་སྒྱུ་རྩལ་མཁས་ཅན་གྱི་ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་གཟིགས་པ་དང་འབྲེལ་ཀྲུང་དབྱིན་དབར་མཉམ་ལས་བྱས་པའི་དུ་མེད་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་གྱི་འགྲེམས་སྟོན་ལ་ཡང་གཟིགས་སྐོར་གནང་བ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ལོན་ཏོན་ནས་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལོན་ཏོན་གྱི་གོང་མའི་རྒྱལ་ཁབ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་གཟིགས་སྐོར་གནང་བ་རེད།
         ཞིས་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གོང་མའི་རྒྱལ་ཁབ་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གླིང་དུ་ཕེབས་སྐབས་དབྱིན་ཇིའི་གཡོད་ཁེ་ཀུང་ཅོའེ་རྒྱལ་སྲས་ཨན་ཏེ་ལུའུ་དང་། དབུ་བཞུགས་བློན་ཆེན་དང་ནོར་སྲིད་བློན་ཆེན་གཅིག་ལྕོགས་ཨའོ་སི་པེན། སློབ་གླིང་གི་སློབ་སྤྱི་སོགས་ཀྱིས་རྒྱལ་སྒོའི་ཚོམས་ཆེན་ནང་ཕེབས་སྒུག་ཞུས་ཡོད་པ་རེད། སློབ་སྤྱིས་ཞིས་ཅིན་ཕིང་ལ་སློབ་གླིང་གི་གནས་ཚུལ་དང་ཀྲུང་གོའི་འབྲེལ་ཡོད་སློབ་ཆེན་དང་སྒྲིག་གཞི་དང་མཉམ་ལས་བྱས་པའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཞུས་པ་རེད།
         རྒྱལ་སྲས་ཨན་ཏེ་ལུའུ་ཡི་ཕེབས་རོགས་འོག་ཞིས་ཅིན་ཕིང་གྲངས་གཞིའི་ཚན་རིག་ཞིབ་འཇུག་ཁང་དུ་ཕེབས་ནས་འབྲེལ་ཡོད་གྲངས་གཞི་སྤྱད་དེ་ཀྲུང་གོའི་མི་འབོར་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ཚུལ་དང་། “རྒྱུད་གཅིག་ལམ་གཅིག”བསྐྲུན་པ་དེས་ལམ་རྒྱུད་རྒྱལ་ཁབ་ལ་ཤུགས་རྐྱེན་ཐེབས་ཚུལ། སྨན་བཅོས་དང་། གྲོང་ཁྱེར་གྱི་ས་འོག་ལྕགས་ལམ་དོ་དམ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།
         དེ་རྗེས་ཞིས་ཅིན་ཕིང་སློབ་གྲྭ་དེའི་ཧ་མུ་ལིན་ཞིབ་འཇུག་ལྟེ་གནས་སུ་ཕེབས་ནས་སྨན་སྤྱོད་འཕྲུལ་མི་དང་འཕྲུལ་མིས་གཤགས་བཅོས་བྱེད་པའི་འགྲེམས་སྟོན་ལ་གཟིགས་པ་མ་ཟད། ལྟེ་གནས་དེས་ཀྲུང་གོ་དང་མཉམ་ལས་བྱེད་པའི་གནས་ཚུལ་ཡང་མཁྱེན་རྟོགས་གནང་བ་རེད།
          གཟིགས་སྐོར་མཇུག་འགྲིལ་སྐབས་ཞིས་ཅིན་ཕིང་གིས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་མའི་འཐུས་མི་ཚོ་དང་ཕྱག་བཏང་གནང་ནས་བྱམས་བརྩེའི་ངང་གླེང་མོ་གནང་བ་མ་ཟད། ཀྲུང་དབྱིན་གྱི་ཚན་ཞིབ་མཉམ་ལས་དང་རྒྱལ་ཁབ་གཉིས་པོའི་ཐུན་མོང་དར་རྒྱས་ཆེད་རང་ཉིད་ཀྱི་ལེགས་སྐྱེས་འབུལ་དགོས་པའི་ཐུགས་རེ་ཡང་གནང་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ཟླ་10ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧྭ་ཝུའེ་དབྱིན་ཇིའི་ཀུང་སིར་གཟིགས་སྐོར་གནང་བ་རེད།
          ས་གནས་དེ་གའི་དུས་ཚོད་ཕྱི་དྲོའི་ཆུ་ཚོད་4དང་སྐར་མ་40ཙམ་ལ་ཞིས་ཅིན་ཕིང་གིས་རླངས་འཁོར་ལ་བཞུགས་ཏེ་ཧྭ་ཝུའེ་དབྱིན་ཇིའི་ཀུང་སིར་ཕེབས་པ་དང་ཀུང་སིའི་ལས་མི་ཚོས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་རེད།
         ཞིས་ཅིན་ཕིང་གིས་ཧྭ་ཝུའེ་དབྱིན་ཇིའི་ཀུང་སིའི་འཕེལ་རྒྱས་ཀྱི་སྙན་ཞུ་གསན་པ་དང་འབྲེལ་ཧྭ་ཝུའེ་ཀུང་སིས་འདུ་ཤེས་གསར་གཏོད་དང་གསར་གཏོད་སྒྲིག་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་བར་གདེང་འཇོག་གནང་ཞིང་། དེ་རྗེས་ཞིས་ཅིན་ཕིང་ཀུང་སིའི་འགྲེམས་ཁང་དུ་ཕེབས་ནས་མཐའ་སྣེའི་ཐོན་རྫས་སོགས་ཀྱི་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་མ་ཟད། གསར་གཏོད་དང་འཆར་འགོད་བྱེད་མཁན་དབྱིན་ཇིའི་ལས་མི་དང་བྱམས་བརྩེའི་ངང་གླེང་མོ་གནང་བའི་ཐོག་ད་དུང་འབྲེལ་ཡོད་གནས་ཚུལ་ཡང་བཀའ་འདྲི་གནང་བ་རེད།