མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་ལོན་ཏོན་དུ་འབྱོར་ནས་དབྱིན་ཇི་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་
གནང་འགོ་བརྩམས་པ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 10ཚེས་20ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་ལོན་ཏོན་དུ་འབྱོར་ནས་དབྱིན་ཇི་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་
གནང་འགོ་བརྩམས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་19ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དབྱིན་ཇིའི་རྒྱལ་ས་ལོན་ཏོན་དུ་འབྱོར་ནས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་འགོ་བརྩམས་པ་རེད།
         ས་གནས་དེ་གའི་དུས་ཚོད་ ཟླ་10ཚེས་19ཉིན་གྱི་ཕྱི་དྲོའི་ཆུ་ཚོད་8ཀྱི་ཐོག་ཞིས་ཅིན་ཕིང་བཞུགས་པའི་ཆེད་སྤྱོད་གནམ་གྲུ་ལོན་ཏོན་གྲོང་ཁྱེར་གྱི་ཞི་སི་ལུའོ་གནམ་གྲུ་ཐང་དུ་འབྱོར་ཞིང་། གནམ་གྲུ་ཐང་དུ་ཞིས་ཅིན་ཕིང་དང་ལྷ་ལྕམ་ཕེང་ལི་ཡོན་ལ་དབྱིན་ཇི་རྒྱལ་ཁབ་ཀྱི་རྒྱལ་མོའི་སྐུ་ཚབ་ཙི་རྗེ་ཧུའུ་ཏེ་དང་ཕྱི་འབྲེལ་བློན་ཆེན་ཧ་མེང་ཏེ་སོགས་ཀྱི་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད། དབྱིན་ཇིའི་གཞོན་ནུས་ཞིས་ཅིན་ཕིང་གཏན་ཞལ་ལ་མེ་ཏོག་སོས་པ་ཕུལ་བ་རེད།
         ཞིས་ཅིན་ཕིང་གིས་དབྱིན་ཇིའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བཀྲ་ཤིས་པའི་སྨོན་འདུན་ཞུས་པ་རེད། ཞིས་ཅིན་ཕོང་གིས་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀ་ལོ་རྒྱུས་ཡུན་རིང་དང་རིག་གནས་འོད་སྟོང་འབར་བ་ལྡན་པའི་རྒྱལ་ཁབ་ཡིན་ཞིང་། མིའི་རིགས་ཤེས་དཔལ་དང་ཡར་ཐོན་ཡོང་བར་བྱས་རྗེས་དམིགས་བསལ་བཞག་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་ཐོག་བག་ཆགས་བཟང་པོ་གལ་ཆེན་ལྡན་པའི་རྒྱལ་ཁབ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོང་བྱེད་པ་དང་ཐུན་མོང་དུ་གོང་དུ་འཕེལ་བར་སྐུལ་སྤེལ་གཏོང་བའི་ཐད་ཐུན་མོང་གི་ཁེ་ཕན་ཡོད་ལ་བརྗིད་ཉམས་ལྡན་པའི་འགན་འཁྲིའང་ཁུར་ཡོད། ད་ལོ་ནི་ཀྲུང་དབྱིན་བར་ཕྱོགས་ཡོངས་ནས་འཐབ་ཇུས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་ཚན་གཉིས་པ་འགོ་རྩོམ་པའི་ལོ་ཡིན། ཀྲུང་དབྱིན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ཟབ་སྤེལ་བྱེད་རྒྱུ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་དང་། དུས་རབས་གོང་དུ་འཕེལ་ཕྱོགས་དང་མཐུན་པ་རེད། ངས་དབྱིན་ཇིའི་དབུ་ཁྲིད་དང་ཕྱོགས་གཉིས་བར་གྱི་འབྲེལ་བ་དང་དེ་བཞིན་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱེད་པ་དང་། དབྱིན་ཇིའི་ལས་རིགས་ཁག་གི་མི་སྣ་དང་འབྲེལ་གཏུག་ཁྱབ་ཆེན་པོ་བྱས་ནས་ཐུན་མོང་དུ་ཀྲུང་དབྱིན་མཉམ་ལས་ཀྱི་བརྗིད་ཉམས་ཆེ་བའི་དམིགས་འབེན་འཆར་འགོད་བྱས་ཏེ་ཀྲུང་དབྱིན་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ཕན་ཐོགས་ཆེ་བ་བྱེད་པ་དང་། འཛམ་གླིང་ཞིབ་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཡོང་བར་སྐུལ་སྤེལ་གཏོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བསྟན་གནང་བ་རེད།
         ཝང་ཧུའུ་ཉིང་དང་། ལི་ཀྲན་ཧྲུའུ། དབྱང་ཅེ་ཁྲི་སོགས་ཕེབས་རོགས་ཞུ་མཁན་མི་སྣ་རྣམས་ཀྱང་གནམ་གྲུ་གཅིག་ནང་བཞུགས་ཏེ་མཉམ་ཏུ་ལོན་ཏོན་དུ་འབྱོར་བ་རེད།
         དབྱིན་ཇིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ལིའུ་ཞའོ་མིན་ཡང་གནམ་གྲུ་ཐང་དུ་དགའ་བསུ་ཞུ་བར་ཕེབས་པ་རེད།
         ལོན་ཏུན་ནི་ཞིས་ཅིན་ཕིང་གིས་དབྱིན་ཇིར་རྒྱལ་དོན་འཚམས་འདྲི་གནང་བའི་ས་ཚོགས་དང་པོ་ཡིན་ཞིང་། དེའི་རྗེས་ཞིས་ཅིན་ཕིང་ད་དུང་མན་ཁྲེ་སི་ཐེ་གྲོང་ཁྱེར་དུ་ཕེབས་ཏེ་མུ་མཐུད་དུ་འཚམས་འདྲི་གནང་རྒྱུ་རེད།