མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པས་ཐུན་མོང་
ཐོག་མ་འཇོག་བྱས་ཏེ་ཧྭ་ལུང་རྒྱལ་སྤྱིའི་ཉིང་རྡུལ་གློག་ལག་རྩལ་
ཚད་ཡོད་ཀུང་སི་བཙུགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་05ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། གོམ་སྟབས་གཅིག་གྱུར་བྱས་ན་རྒྱལ་ཁ་ཐོབ། ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སིའི་ཏུང་ཧྲི་ཀྲང་སུན་ཆིན་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོ་ཡུས་ཀྱིས་ཉེ་ཆར་པེ་ཅིང་དུ་གྲོས་དོན་བཞག་སྟེ་ཐུན་མོང་ཐོག་མ་འཇོག་བྱས་ནས་ཧྭ་ལུང་རྒྱལ་སྤྱིའི་ཉིང་རྡུལ་གློག་ལག་རྩལ་ཚད་ཡོད་ཀུང་སི་(གཤམ་དུ“ཧྭ་ལུང་ཀུང་སི”ཞེས་བསྡུ་རྒྱུ)བཙུགས་ཐོག“ཧྭ་ལུང་རྟགས་ཅན་དང་པོ”རང་རྒྱལ་གྱི་ཉིང་རྡུལ་གློག“ཕྱིར་གཏོང”གི་གཙོ་ཤུགས་སྤུས་རྟགས་སུ་འགྱུར་རྒྱུར་སྐུལ་འདེད་བཏང་བ་རེད།
         དེ་ནི་2014ལོའི་ཟླ་8ཚེས་22ཉིན“ཧྭ་ལུང་རྟགས་ཅན་དང་པོའི”ལག་རྩལ་མཉམ་བསྲེས་གྲོས་དོན་བཞག་རྗེས་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སིས“ཧྭ་ལུང་རྟགས་ཅན་དང་པོ”སྔར་བས་གསར་གཏོད་བྱ་རྒྱུར་སྐུལ་འདེད་བཏང་བའི་ཐད་ཐོབ་པའི་གྲུབ་འབྲས་གསར་པ་ཞིག་ཡིན་པ་དེས“ཧྭ་ལུང་རྟགས་ཅན་དང་པོ”མཉམ་བསྲེས་འཕེལ་རྒྱས་དང་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་ཐད་སྒུལ་ཤུགས་ཆེན་པོ་བསྣན་ནས“ཧྭ་ལུང་རྟགས་ཅན་དང་པོ”རྒྱལ་ཁབ་དང་ས་ཁུལ་སྔར་བས་མང་བར་གཞི་ཚུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
         གྲོས་མཐུན་གཞིར་བཟུང་། ཧྭ་ལུང་ཀུང་སིའི་ཐོ་འགོད་མ་རྩ་ནི་མི་དམངས་ཤོག་སྒོར་དུང་ཕྱུར་5ཡིན་པ་དང་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སིས་རྐང་དབང་50%སོ་སོར་བཟུང་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། “ཧྭ་ལུང་རྟགས་ཅན་དང་པོ”ནི་རྒྱལ་ཁབ་ཀྱིས་རང་བརྟེན་གསར་གཏོད་དང་། གཅིག་སྡུད་གསར་གཏོད། ལམ་སྲོལ་གསར་གཏོད་བཅས་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་དེ་ནི་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་དང་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ཚོགས་པ་ཚད་ཡོད་ཀུང་སིས་རང་རྒྱལ་དུ་ལོ་30ལྷག་ཙམ་རིང་ཉིང་རྡུལ་གློག་ཚན་ཞིབ་དང་། ཇུས་འགོད། བཟོ་སྐྲུན། འཛུགས་སྐྲུན། འཁོར་རྒྱུག་བཅས་ཀྱི་ཉམས་མྱོང་བསགས་པའི་རྨང་གཞིའི་ཐོག་ནུས་ཤུགས་ཆེན་པོ་བཏོན་པ་དང་རྒྱལ་སྤྱིའི་ཐོན་གསུམ་པའི་ཉིང་རྡུལ་གློག་ལག་རྩལ་གྱི་སྔོན་ཐོན་འདུ་ཤེས་ལ་དཔེ་གང་ལེགས་བལྟས་པའི་ཁར་ཕུའུ་ཏའོ་གླིང་ཕྲན་གྱི་ཉིང་རྡུལ་དོན་རྐྱེན་གྱི་ཉམས་མྱོང་བསླབ་ཆར་བསམ་གཞིག་བྱས་ཏེ་རྒྱལ་སྤྱིའི་བདེ་འཇགས་ཚད་གཞི་མཐོ་ཤོས་སྤྱད་ནས་མཉམ་ལས་དང་ཞིབ་འཇུག་ཇུས་འགོད་བྱས་པའི་ཐོན་གསུམ་པའི་ཉིང་རྡུལ་གློག་ལག་རྩལ་ཞིག་ཡིན་ཞིང་། “ཧྭ་ལུང་རྟགས་ཅན་དང་པོའི”བདེ་འཇགས་དང་ནུས་པའི་སྟོན་རྟགས་དེ་རྒྱལ་སྤྱིའི་ཐོན་གསུམ་པའི་ཉིང་རྡུལ་གློག་ལག་རྩལ་གྱི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་དང་འབྲེལ། རང་རྒྱལ་གྱི་མིག་སྔར་འཐུས་སྒོ་ཚང་བའི་ཉིང་རྡུལ་གློག་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་མ་ལག་གང་ལེགས་སྤྱད་པ་ཞིག་ཡིན་པས་དཔལ་འབྱོར་གྱི་རང་བཞིན་ཡག་པོ་ལྡན་ཡོད་པ་རེད།
         འདི་ལོ“ཧྭ་ལུང་རྟགས་ཅན་དང་པོའི”དཔེ་སྟོན་ལས་གྲྭ—ཕུའུ་ཆིང་ཉིང་རྡུལ་གློག་འཕྲུལ་ཚན་ལྔ་པ་དང་དྲུག་པ། ཧྥང་ཁྲེང་ཀང་གློག་རྡུལ་འཕྲུལ་ཚན་གསུམ་པ། དེ་བཞིན“ཧྭ་ལུང་རྟགས་ཅན་དང་པོའི”རྒྱལ་ཁབ་ཕྱིའི་ཕ་ཁི་སི་ཐན་ཁ་ལ་ཆི་རྣམ་གྲངས་ཚང་མ་བསྐྲུན་འགོ་ཚུགས་པ་དང་འཕེལ་རིམ་བདེ་བླག་བྱུང་ཡོད།

  
2015-12-31