མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།སྒྱུར་བཅོས་གསར་གཏོད་ཀྱིས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་
འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་08ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         སྒྱུར་བཅོས་ནི་ཀྲུང་གོས་དཔལ་འབྱོར་གྱི་གྲུབ་འབྲས་ཆེན་པོ་གཏོད་པའི་ཐབས་མཆོག་ཅིག་ཡིན་ལ་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་འགག་རྩ་ཞིག་ཀྱང་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་བྱེད་པར་ངེས་པར་དུ་སྒྱུར་བཅོས་གསར་གཏོད་ཀྱི་ལས་དོན་ཁག་ལེགས་པར་སྒྲུབ་དགོས།
         “གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་པར་ངེས་པར་དུ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་བརྟེན་དགོས”ཞེས་ད་ཐེངས་ཀྱི་ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་དེར་དམིགས་ནས་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ཐད་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པ་དང་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་འགལ་རྐྱེན་མེད་པར་བཟོ་བ་དང་། ནང་ངོས་སྒུལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ། རང་རྒྱལ་གྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་ལེགས་སུ་གཏོང་བ་བཅས་ཀྱི་ཐོག་ནས“ལོ་ལྔ་ཚན་བཅུ་གསུམ་པའི”དུས་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་གཏོད་དགོས།
         ཀྲུང་གོ་དེ་ཉིད་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེ་མོ་ཨང་གཉིས་པར་སླེབས་ཡོད་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གཞི་རྩའི་གནས་ཚུལ་བཟང་པོ་ཡོད་མོད། འོན་ཀྱང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཐད་ལའང་སྣང་ཆུང་བྱེད་མི་རུང་བའི་དཀའ་ངལ་དང་འགྲན་སློང་འཕྲད་ཡོད། མངོན་གསལ་དོད་པའི་གནད་དོན་ཞིག་ནི་གྲུབ་ཆའི་རང་བཞིན་གྱི་ཐོན་ནུས་ལྷག་འཕྲོའི་གནས་ཚུལ་ཅུང་ཚབས་ཆེ་བས་སྤྱི་ཚོགས་ཀྱི་ཐོན་སྐྱེད་བསྐྱར་མའི་ཁྲོད་ཀྱི་ཐོན་སྐྱེད་དང་། འཁོར་རྒྱུག བགོ་བཤའ། འཛད་སྤྱོད་བཅས་ཀྱི་སྤྱི་ཡོངས་ཀྱི་འཁོར་རྒྱུག་ཤར་བགྲོད་ཐུབ་མེད། གཏིང་ཟབ་པའི་མཁོ་སྤྲོད་ཕྱོགས་དང་། གྲུབ་ཆའི་རང་བཞིན། སྒྲིག་གཞིའི་རང་བཞིན་བཅས་ཀྱི་འགལ་བའི་མདུན་དུ་ཀྲུང་གོའི་དཔལ་འབྱོར་དེ་ཉིད་གཡོལ་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འགག་མདོ་ཞིག་ཏུ་གནས་ཡོད། དེའི་སྐབས་སུ་གལ་ཏེ་གོ་སྐབས་དམ་འཛིན་གྱིས་སྒྱུར་བཅོས་གསར་གཏོད་མ་བྱས་ཚེ་གནད་དོན་ཐག་གཅོད་བྱེད་དཀའ་རུ་འགྲོ་བ་མ་ཟད། ཐ་ན་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཡོང་རྒྱུར་ཤུགས་རྐྱེན་ཐེབས་ངེས་རེད།
         སྒྱུར་བཅོས་ནི་འགལ་བ་སེལ་བ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ལོ་37རིང་གྲོང་གསེབ་ཀྱི་ཐོན་སྦྲེལ་འགན་གཙང་འགན་འཁྲིའི་ལམ་ལུགས་ཁྱབ་སྤེལ་བཏང་བ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་བཙུགས་པའི་བར་གྱི་སྒྱུར་བཅོས་གལ་ཆེན་བྱེད་ཐེངས་ཚང་མའི་ནང་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་ཆེའི་སྒུལ་ཤུགས་བསྣན་ཡོད། ད་ཆའི་ཀྲུང་གོས་སྔར་བཞིན་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་ཀྱིས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ཀྱི་འདུ་ཤེས་གཞིར་བཟུང་རིགས་པའི་གཞུང་ལུགས་ཐད་གསར་གཏོད་རང་བཞིན་གྱི་སྙིང་བསྡུས་དང་ཆབ་སྲིད་ཐད་མ་འོངས་སྔོན་མཐོང་རང་བཞིན་གྱི་བཀོད་སྒྲིག་བྱས་ཏེ་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱེད་ཤུགས་ཆེ་རུ་བཏང་ཐོག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒྲིག་གཞིའི་སྒུལ་ཤུགས་དང་ནང་ངོས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།
         ད་ཐེངས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་གཞུང་ཁོངས་ཁེ་ལས་དང་། ནོར་ཁྲལ། དངུལ་རྩ། སྤྱི་ཚོགས་འགན་བཅོལ་སོགས་གལ་ཆེའི་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་སུ་སྒྱུར་བཅོས་བྱ་ཤུགས་ཆེ་རུ་བཏང་ནས་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ལྡན་པའི་སྒྱུར་བཅོས་བྱ་ཐབས་ཁག་གཅིག་འདོན་དགོས་ཞེས་བཏོན་ཡོད། དེའི་དམིགས་ཡུལ་ནི་གཞི་རྒྱུ་བཀོད་སྒྲིག་གི་ནོར་འཛོལ་སྲོང་བ་དང་། མཁོ་སྤྲོད་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་ཀྱི་གྲུབ་ཆའི་མཐུན་འཕྲོད་རང་བཞིན་དང་སྟབས་བསྟུན་རང་བཞིན་ཆེ་རུ་གཏོང་བ། གཞི་རྒྱུའི་ཐོན་སྐྱེད་བྱེད་ཚད་ཚང་མ་མཐོ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་དཔལ་འབྱོར་འཕར་བའི་གཏིང་ཤུགས་ཧ་ཅང་ཆེན་པོ་དངོས་སུ་འགྱུར་བ་བྱས་ཐོག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་དགོས།
         ཐོན་སྐྱེད་ནུས་ཤུགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐར་གཏུགས་རག་ལུས་སའི་སྟོབས་ཤུགས་ཤིག་ཡིན་པས་ང་ཚོས་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བྱ་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་དགོས། དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་དཔལ་འབྱོར་རིག་པའི་ལྟེ་བའི་དོན་གནད་ཅིག་རེད། རིམ་ཁག་འགོ་ཁྲིད་ལས་བྱེད་པ་ཚོས་གུང་ཁྲན་ཏང་གི་སྲིད་འཛིན་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་གསལ་ཤེས་ཐུབ་ཚད་མུ་མཐུད་མཐོ་རུ་གཏོང་དགོས་པ་དང་ལྷག་དོན་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་སྤྱི་ཚོགས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཐོན་སྐྱེད་འབྲེལ་བ་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པ་བྱས་ཐོག་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
         “སྒྱུར་བཅོས་ཀྱི་དུས་སྐབས་བཟང་པོ་དེ་འདྲའི་འོག་མདུན་སྐྱོད་ཀྱི་བློ་ཁོག་མེད་ཚེ་བྱ་བ་ཐམས་ཅད་འཕྱུགས”ཞེས་པ་ལྟར་དུས་ཚོད་ཀྱིས་མི་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པའི་ཐོག་ནས་བློ་བརྟན་འགྱུར་མེད་ཀྱིས་སྒྱུར་བཅོས་དང་། བློ་ཁོག་ཆེན་པོས་གསར་གཏོད། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་སྒྱུར་བཅོས་ཁ་ཕྱོགས་མཐའ་འཁྱོངས། ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་མཐུན་སྦྱོར་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ཚེ་ཀྲུང་གོའི་དཔལ་འབྱོར་ཐད་སྒུལ་ཤུགས་གསར་པ་སྐྱེད་སྲིང་ཐུབ་པ་དང་གསོན་ཤུགས་གསར་པ་རྒྱས་ཏེ་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་སྤྱི་ཡོངས་ནས་མཐོ་རུ་འགྲོ་ཐུབ་ངེས་ཡིན།
              ——— ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གླེང་ཐེངས་བཞི་པ།

  
2015-12-31