མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་2016ལོའི་རྒྱ་གར་གྱི“ཀྲུང་གོའི་ཡུལ་སྐོར་ལོའི”འགོ་ཚུགས་
མཛད་སྒོར་ཤིས་ཚིག་སྤྲིངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། “ཀྲུང་གོའི་ཡུལ་སྐོར་ལོའི”འགོ་ཚུགས་མཛད་སྒོ་དེ་ཟླ་1ཚེས་14ཉིན་རྒྱ་གར་རྡི་ལི་གསར་པར་འཚོགས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་ཤིས་ཚིག་སྤྲིངས་པ་རེད།
         ཞིས་ཅིན་ཕིང་གིས“ཀྲུང་གོའི་ཡུལ་སྐོར་ལོའི”བྱེད་སྒོ་སྤེལ་འགོ་ཚུགས་པར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་གནང་བ་དང་འབྲེལ་མཛའ་གྲོགས་ཟབ་པའི་རྒྱ་གར་མི་དམངས་ཕྱོགས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་མཛའ་མཐུན་འགྲོ་འོང་བྱས་ནས་དུས་ཡུན་རིང་པོ་སོང་ཡོད། ལོ་ངོ་མང་པོའི་རིང་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་སྤེལ་རེས་མཉམ་ལས་དང་འཛམ་གླིང་གི་རིག་གནས་མི་འདྲ་བའི་སྤེལ་རེས་ཀྱི་མིག་དཔེ་གཏོད་ནས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ཆེད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་དང་རྒྱ་གར་གྱི་ཕྱོགས་ཁག་དབར་ལེགས་ཆ་གསབ་རེས་མངོན་གསལ་དོད་པ་དང་མཉམ་ལས་ཀྱི་གཏིང་ཤུགས་ཆེན་པོ་ལྡན་ཡོད། རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་ལེགས་པར་བཏང་སྟེ་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་རྒྱ་ཆེར་བཏང་སྟེ་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་པ་བསྟན་ཡོད།
         ཞིས་ཅིན་ཕིང་གིས་ཡུལ་སྐོར་ལོ་སྤེལ་རེས་བྱ་རྒྱུ་ནི་2014ལོར་རང་ཉིད་ཀྱིས་རྒྱ་གར་དུ་འཚམས་འདྲི་བྱེད་རིང་ཙུང་ལི་མོ་ཏི་དང་ལྷན་དུ་གཏན་འཁེལ་བྱས་པ་ཞིག་ཡིན། 2015ལོའི“རྒྱ་གར་གྱི་ཡུལ་སྐོར་ལོ”དེ་ཀྲུང་གོར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ང་ཚོས་དགའ་སྤྲོའི་ངང་མཐོང་བྱུང་། ཕྱོགས་གཉིས་པོས་ཡང་འབད་བསྐྱར་འབད་ཀྱིས་རྒྱ་གར་དུ“ཀྲུང་གོའི་ཡུལ་སྐོར་ལོ”གཉེར་རྒྱུ་དེ་གོ་སྐབས་སུ་བཟུང་ནས་རིག་གནས་སྤེལ་རེས་དང་མི་སྣ་འགྲོ་འོང་བྱེད་རྒྱ་ཆེ་རུ་བཏང་སྟེ་ཀྲུང་གོ་དང་རྒྱ་གར་དབར་འཕེལ་རྒྱས་རོགས་ཟླའི་འབྲེལ་བ་དེ་བས་ཟབ་པ་གཏོད་རྒྱུར་གསོན་ཤུགས་འདོན་རྒྱུའི་རེ་བ་བཏོན་གནང་བ་རེད།

  
2016-01-09