མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་
སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་ཏང་ནང་
ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་14ཉིན། 10:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་
སྐྱོང་རྒྱུ་མཐའ་འཁྱོངས་ཀྱིས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་ཏང་ནང་
ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་གནང་བ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཚུགས་ཤུགས་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་སྒྲིག་སྲོལ་བཞིན་ཏང་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་རྒྱུར་དམིགས་པ། རྩ་ལག་མཉམ་བཅོས་བྱེད་ཟབ་ཏུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཨང་དང་པོར་འཇོག་པ། རྒྱུན་སྲིང་ལྷོད་མེད་ངང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ། རུལ་སུངས་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         ཞིས་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། རང་རེའི་ཏང་གིས་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཞག་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་སྤེལ་རྒྱུ་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་སྤྱོད་གཙང་སྒྲིག་ནན་དང་རུལ་རྒོལ་ཆད་གཅོད་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་སྒྲིག་གཞི་དང་ལམ་སྲོལ་ནུས་ལྡན་བཟོས་ཡོད། ཀྲུང་དབྱང་སྒྲིག་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་བ། ལྟེ་བའི་ལས་འགན་ལ་དམིགས་པ་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ཐད་ཕན་འབྲས་གལ་ཆེན་ཐོན་པ་བྱས་ཡོད། ང་ཚོས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་བྱེད་པ། ལམ་ལུགས་ཀྱི་རླུང་ཙེ་བརྟན་དུ་གཏོང་བ། རྒྱུན་བསྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པ། ཏང་སྲོལ་དང་དམངས་སྲོལ་ལེགས་སུ་གཏོང་བ། ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ། སྐོར་གཟིགས་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་བྱེད་པ། རུལ་སུངས་ཤོག་ཁག་ལ་ཁྲིམས་ཆད་ནན་པོ་གཅོད་པ། བྲོས་འདེད་དངུལ་འདེད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཡོད། དམངས་སེམས་ཐོབ་པ་བྱེད་རྒྱུ་དེ་ནི་ཆབ་སྲིད་ཀྱི་གནད་དོན་ཆེ་ཤོས་དེ་ཡིན་པ་དང་དྲང་བདེན་ནི་སྟོབས་ཤུགས་ཆེ་ཤོས་དེ་ཡིན། རུལ་རྒོལ་འཐབ་རྩོད་སྤེལ་བ་དེས་མི་དམངས་མང་ཚོགས་ཚོས་ཏང་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་ཕྱིན་པ་དང་མི་དམངས་མང་ཚོགས་ཀྱི་གདེང་འཇོག་ཆེན་པོ་ཐོབ་ཡོད་ཅེས་མཛུབ་སྟོན་གནང་བ་རེད།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་འགག་རྩ་དེ་ཏང་ལ་ཐུག་ཡོད། “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”ཞེས་པ་དེ་ནི་རང་རེའི་ཏང་གི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དེ་ནི་ང་ཚོས་བཏང་བའི་དམག་བརྡ་ཞིག་ཡིན། ལོ་གསུམ་གྱི་དུས་ཚོད་ནང་ང་ཚོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ཐད་དོ་དམ་བྱེད་ལྷོད་ཤོར་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་རུལ་སུངས་བྱེད་མི་ཕོད་པའི་ཟིལ་གནོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་རུལ་སུངས་བྱེད་མི་ནུས་པ་དང་། རུལ་སུངས་བྱེད་མི་འདོད་པའི་ཕན་འབྲས་རགས་ཙམ་ཐོན་འགོ་ཚུགས་པ་དང་རུལ་རྒོལ་འཐབ་རྩོད་ནན་པོ་སྤེལ་བའི་རྣམ་པ་ཞིག་ཆགས་ཡོད། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཏང་ཀྲུང་དབྱང་གི་ཆོད་སེམས་ལ་འགྱུར་ལྡོག་བྱུང་མེད་ལ། རུལ་སུངས་ཀྱི་སྣང་ཚུལ་མཆེད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པའི་དམིགས་ཚད་ལའང་འགྱུར་ལྡོག་བྱུང་མེད། རུལ་རྒོལ་འཐབ་རྩོད་ཐད་ཀྱི་ཏང་ཀྲུང་དབྱང་གི་ཆོད་སེམས་ལ་ཏང་ཡོངས་ཀྱི་བློ་མཐུན་ཚོར་གདེང་ཚོད་ཆེན་པོ་དང་། རུལ་རྒོལ་འཐབ་རྩོད་ཐད་གྲུབ་འབྲས་ཐོབ་རྒྱུར་གདེང་ཚོད་ཆེན་པོ། རུལ་རྒོལ་འཐབ་རྩོད་ལས་བྱུང་བའི་དྲང་ནུས་ལ་གདེང་ཚོད་ཆེན་པོ། རུལ་རྒོལ་འཐབ་རྩོད་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་གདེང་ཚོད་ཆེན་པོ་བཅས་ཡོད་པ་བྱེད་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། འདི་ལོའི་ལས་དོན་ལེགས་པར་བསྒྲུབ་པའི་གཙོ་གནད་ནི་གཤམ་གསལ་གྱི་ཕྱོགས་ཁ་ཤས་ནས་སྟངས་འཛིན་ཐུབ་པ་བྱེད་དགོས་པ་སྟེ། གཅིག་ནས་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུས་ནས་ཚད་གཞི་དང་སྲོལ་ཡིག་ལག་ལེན་ནན་པོ་བསྟར་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་དང་ཐོག་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་དགོས། རིམ་ཁག་ཏང་ཨུད་དང་སྒྲིག་ཨུད་ཀྱིས་དང་ཐོག་ཏང་གི་སྒྲིག་ཡིག་སྲུང་སྐྱོང་དང་ཏང་གི་ལམ་ཕྱོགས་དང་། བྱེད་ཕྱོགས། སྲིད་ཇུས། གྲོས་ཆོད་བཅས་ལག་ལེན་བསྟར་ཚུལ་ལ་ཞིབ་བཤེར་བྱས་ཐོག་ཏང་གི་གཅིག་སྡུད་གཅིག་གྱུར་འགན་ལེན་དང་ཏང་གི་སྲིད་བཀའ་ཐོགས་མེད་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་རྒྱུན་འཁྱོངས་མཐར་ཕྱིན་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ཕྱོགས་ཁག་གི་སྒྲིག་འགལ་གྱི་བྱེད་སྤྱོད་བཅོས་སྒྲིག་བྱས་ཏེ་གནད་དོན་ག་ཚོད་ཐོན་ཚེ་དེ་ཙམ་གྱིས་ཐག་གཅོད་ནན་པོ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པར་སྲོལ་རྒྱུན་བཟང་པོ་སྔར་བཞིན་དར་སྤེལ་བཏང་ནས་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས། འགོ་ཁྲིད་ལས་བྱེད་པས་ཁྱིམ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་སྤྱོད་གཙང་རང་འདོམས་དང་སྤྱོད་གཙང་ཁྱིམ་སྐྱོང་བྱེད་དགོས་པ། གསུམ་ནས་རུལ་སུངས་བྱེད་མི་ཕོད་པ་བྱས་ནས་རུལ་སུངས་སྣང་ཚུལ་མཆེད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། རུལ་སུངས་ལ་ཆད་པ་གཅོད་རྒྱུར་དམ་འཛིན་ནན་པོ་བྱེད་པ་དང་རལ་གྲི་རྣོན་པོ་བཤམས་ནས་ཁུག་ཆ་མི་ལུས་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་ཐོག་བྲོས་འདེད་དངུལ་འདེད་བྱ་ཤུགས་ཆེ་རུ་གཏོང་དགོས་པ། བཞི་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཞི་རིམ་དུ་ཁྱབ་པ་བྱེད་དགོས། གཞི་རིམ་གྱི་རུལ་སུངས་དང་ཁྲིམས་འཛིན་གཞུང་དྲང་མེད་པ་སོགས་ཀྱི་གནད་དོན་ཡོ་བསྲང་ནན་ཏན་དང་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོང་གིས་མང་ཚོགས་ཚོས་རུལ་རྒོལ་གཙང་སྤེལ་གྱི་ཕན་འབྲས་དངོས་དེ་བས་མང་བ་མྱོང་ཚོར་ཐུབ་པ་བྱེད་དགོས་པ། ལྔ་ནས་རྩ་ལག་མཉམ་བཅོས་ཀྱིས་ཆབ་སྲིད་ཀྱི་སྣོད་བཅུད་བཟང་དུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་དོན་དུ་གོ་གནས་མཐོ་བའི་ལས་བྱེད་པས་རང་ཉིད་ནས་འགོ་བཙུགས་ཏེ་སྤྱོད་གཙང་དབང་སྤྱོད་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་གི་མིག་དཔེ་སྟོན་མཁན་ཞིག་བྱེད་པ་དང་དུས་མཚུངས། རྩ་དོན་མཐའ་འཁྱོངས་དང་དམ་འཛིན་དང་དོ་དམ་བྱེད་ཕོད་པ་བྱས་ནས“ཁ་གསལ་སྒྲིག་ལམ་འཛུགས་པ”དང“མངོན་མེད་ལམ་སྲོལ”མེད་པ་བཟོས་ནས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་གསར་གཏོད་ལ་བརྟེན་ནས་ཆབ་སྲིད་ཀྱི་སྣོད་བཅུད་རྒྱུན་ཆད་མེད་པར་བཟང་དུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་སྤེལ་བཞིན་ཡོད། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་འགན་འཁྲི་གཙོ་བོ་འཁུར་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་ལྟེ་བ་ནི་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཡིན་པ་དང་དེའི་རྨང་གཞི་ནི་ཕྱོགས་ཡོངས་དང་། འགག་རྩ་ནི་ནན་པོ། གནད་འགག་ནི་སྐྱོང་རྒྱུ་དེ་ཡིན། སྒྲིག་ཁྲིམས་འཛུགས་སྐྱོང་དེ་ཉིད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་ཁྲིམས་ལས་སྒྲིག་ཁྲིམས་ནན་པ་དང་སྒྲིག་ཁྲིམས་བཅའ་ཁྲིམས་ཀྱི་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་ཁྲིམས་སློབ་གསོ་གཏིང་ཟབ་ངང་སྤེལ་བ། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ལ་དམ་འཛིན་བྱེད་པ། རང་རྟོགས་ངང་སྒྲིག་ཁྲིམས་སྲུང་བའི་གོམས་གཤིས་འཇགས་པ་བཅས་བྱས་ནས་སྒྲིག་ཁྲིམས་ལ་བརྟེན་ནས་ཏང་ཡོན་ཡོངས་ལ་དོ་དམ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་དོགས་ཟོན་རང་བཞིན་དང་ཆབ་སྲིད་ཀྱི་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་བར་རིམ་ཁག་ལས་བྱེད་པ་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་ཚོས་ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་བ་དང་། ལངས་ཕྱོགས་བརྟན་པོ་དང་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ། སྔ་བར་ཕྱི་གསུམ་དུ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ། སྔ་བར་ཕྱི་གསུམ་དུ་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་བློ་ལ་ངེས་དགོས། ཚད་གཞི་མཐོ་པོ་མཐའ་འཁྱོངས་དང་མཐའ་ཚད་སྲུང་རྒྱུ་ཟུང་འབྲེལ་བྱེད་པར་ཆད་གཅོད་བསླབ་འདོམས་ཚད་ལྡན་དུ་གཏོང་རྒྱུར་མཐོང་ཆེན་དང་སྒྲིག་ཁྲིམས་ཀྱི་མཐའ་ཚད་ནན་དུ་གཏོང་དགོས་ལ་མི་རྣམས་བཟང་པོར་ཕྱོགས་རྒྱུར་ཁྲིད་སྟོན་དེ་བས་བྱས་ནས་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་གིས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་ཀུན་སྤྱོད་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
         ཞིས་ཅིན་ཕིང་གིས་བསྟན་དོན། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པར་དམངས་གཙོའི་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། དོན་འཁྱོལ་བཅས་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་ལྟ་སྐུལ་མ་ལག་གི་རིམ་མཐོའི་ཇུས་འགོད་ཡག་པོ་བྱེད་པར་ཏང་གི་རང་ངོས་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་དགོས་ལ་རྒྱལ་ཁབ་ཀྱི་སྡེ་ཚན་ཁག་ལ་ལྟ་སྐུལ་བྱ་རྒྱུར་ཡང་ཤུགས་སྣོན་རྒྱག་དགོས། འགན་འཁྲི་བདའ་འདེད་གཏོང་བའི་ལམ་ལུགས་འཐུས་ཚང་དུ་བཏང་ནས་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་འགན་འཁྲི་ཡོད་ན་ངེས་པར་དུ་བདའ་འདེད་གཏོང་བ་དང་འགན་འཁྲི་བདའ་འདེད་གཏོང་སྐབས་ངེས་པར་དུ་ཆད་པ་ནན་པོ་གཅོད་རྒྱུ་མཐའ་འཁྱོངས་བྱེད་དགོས། རྒྱལ་ཁབ་ལྟ་ཞིབ་རྩ་འཛུགས་ཀྱི་གྲུབ་ཆ་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་གཞུང་ལས་པར་ཕྱོགས་ཡོངས་ནས་ཁྱབ་པའི་རྒྱལ་ཁབ་ལྟ་ཞིབ་མ་ལག་ཅིག་ཆགས་པ་བྱེད་དགོས། སྐོར་གཟིགས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་ལས་དོན་གཏིང་ཟབ་ངང་སྤེལ་དགོས། སྐོར་གཟིགས་བྱེད་རིང་ཐོན་པའི་གནད་དོན་དང་ཁུངས་སྣེ་དག་རིགས་དབྱེའི་ངང་ཐག་གཅོད་དང་གཅིག་འདོམས་ཡོང་རྒྱུར་མཐོང་ཆེན་བྱས་ནས་གནད་དོན་རེ་རེ་རྩད་གཅོད་བྱེད་པའི་ཐད་གཅིག་སྡུད་ཐོག་ཤུགས་རྒྱག་དགོས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་བྱེད་ཐབས་གང་ལེགས་སྤྱད་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ་དེ་ཏང་ཡོན་དང་ལས་བྱེད་པ་མི་རེ་ངོ་རེས་སྦྱོང་དགོས་ངེས་ཀྱི་སློབ་ཚན་ཞིག་ཏུ་འགྱུར་བ་བྱེད་དགོས། “འགག་རྩའི་ཉུང་ཤས”ལ་དམ་འཛིན་བྱས་ནས་འགོ་ཁྲིད་གཙོ་བོར་ལྟ་སྐུལ་བྱེད་པའི་དཀའ་གནད་སེལ་བ་དང་འགོ་ཁྲིད་ལས་བྱེད་པའི་འགན་འཁྲི་དེ་བས་ལྕི་བ་དང་ལས་གནས་དེ་བས་གལ་ཆེན་ཡིན་ཚེ་ལྟ་སྐུལ་ལའང་དེ་བས་ཤུགས་སྣོན་རྒྱག་དགོས།
         ཞིས་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྲིག་ཨུད་ནི་ཏང་ནང་ཁུལ་ལ་ལྟ་སྐུལ་བྱེད་པའི་ཆེད་དོན་ལས་ཁུངས་ཤིག་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས་རིམ་ཁག་ཏང་ཨུད་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་དར་ཆ་གསལ་སྟོན་ངང་སྒྲིག་ཨུད་ཀྱི་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ཕྱོགས་ཡོངས་ནས་ཏང་གི་སྒྲིག་ཡིག་གིས་དཀྲིས་པའི་འགན་འཁྲི་སྒྲུབ་པ་དང་ཏང་གི་སྒྲིག་ཡིག་གོང་བཀུར་ཞུ་རྒྱུར་སྣེ་ཁྲིད་བྱས་ནས་ཏང་གི་སྒྲིག་ཡིག་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་དག་སྲུང་རྒྱུ་དེ་ཉིད་ལས་འགན་ཨང་དང་པོར་བརྩི་བ་དང་། ཏང་གི་སྒྲིག་ཡིག་སྲུང་བ་དང་ཏང་གི་སྒྲིག་ཁྲིམས་ལག་ལེན་བསྟར་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཏང་གི་སྒྲིག་ཡིག་དང་ཏང་སྲོལ་ཏང་ཁྲིམས་ཀྱི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། ཏང་གི་སྒྲིག་ཡིག་གི་དབང་གྲགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བཅས་བྱས་ནས་ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་མཁན་བརྟན་པོ་ཞིག་དང་ལྷག་བསམ་རྣམ་དག་གི་སྲུང་སྐྱོང་བ་ཞིག་བྱེད་དགོས། རིམ་ཁག་སྒྲིག་ཨུད་ཀྱིས་ཚད་གཞི་དེ་བས་མཐོ་བ་དང་སྒྲིག་ཁྲིམས་དེ་བས་ནན་པའི་ངང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་རེ་བ་བཏོན་ཏེ་དཔུང་ཁག་གི་དྭངས་གཙང་མཐའ་འཁྱོངས་ཀྱིས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ཀྱི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

  
2016-01-09 2015-12-31