མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་
བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་11ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

༄༅།།ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་
བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་གྱི་སྔ་དྲོར་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིང་དུ་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་པའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིས་ཅིན་ཕིང་དང་། ལི་ཁེ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི་བཅས་ཚོགས་ཆེན་དུ་ཕེབས་པ་མ་ཟད་བྱ་དགའ་ཐོབ་མཁན་འཐུས་མིར་བྱ་དགའ་ཡང་གནང་ཞིང་། ལི་ཁེ་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་གསུང་བཤད་གནང་བ་དང་། ཀྲང་ཀའོ་ལིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།
         སྔ་དྲོའི་ཆུ་ཚོད་10པའི་ཐོག་ཚོགས་ཆེན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་སྒྲའི་ཁྲོད་འགོ་ཚུགས་པ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་2015ལོ་འཁོར་གྱི་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་མཁན་གྱི་འཐུས་མིར་བྱ་དགའ་གནང་བ་མ་ཟད་ཁོང་ཚོ་དང་མཉམ་དུ་སྤྲོ་སེམས་འཁོལ་བའི་ངང་ཕྱག་བཏང་ནས་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་རེད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ཏེ་བྱ་དགའ་ཐོབ་མཁན་ཡོངས་ལ་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་གནང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་མ་ཟད། ཀྲུང་གོའི་ཚན་རྩལ་བྱ་གཞག་ནང་ཞུགས་པ་དང་རྒྱབ་སྐྱོར་བྱེད་མཁན་ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེའང་ཞུས་པ་རེད།
         ལི་ཁེ་ཆང་གིས་འདས་ཟིན་པའི་ལོ་གཅིག་ནི་རང་རྒྱལ་གྱི་འཕེལ་རྒྱས་ཐད་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ་པའི་ལོ་ཞིག་ཡིན་ལ་ཚན་རྩལ་ཁྱབ་ཁོངས་སུ་གཏམ་བཟང་ཡང་ཡང་ཁྱབ་པའི་ལོ་ཞིག་ཀྱང་ཡིན། རང་རྒྱལ་གྱི་ཚན་རིག་མཁས་ཅན་མང་པོར་རྒྱལ་སྤྱིའི་ཚན་རྩལ་བྱ་དགའ་ཆེན་པོའི་ནང་ཨང་དང་པོ་ཐོབ་པ་དང་། ཆིང་ཀའོ་སུའུ་ཡི་ཞིབ་འཇུག་གྲུབ་འབྲས་ལ་ལེགས་སྐྱེས་ཆེན་པོ་ཕུལ་བའི་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཆེན་པོ་དང་། རྒྱལ་ཁབ་ཀྱི་གསར་གཏོད་བྱ་དགའ། རྒྱལ་ཡོངས་ཀྱི་ཚན་རྩལ་གྲུབ་འབྲས་བྱ་དགའ་ཆེ་གྲས་བཅུ་སོགས་བྱ་དགའ་མང་པོ་ཐོབ་མྱོང་བའི་ཐུའུ་ཡིའུ་ཡིའུ་ཉིད་རང་རྒྱལ་གྱི་ནོ་པེར་བྱ་དགའ་ཐོབ་མཁན་ཚན་རིག་མཁས་ཅན་ཨང་དང་པོར་གྱུར། ཀྲུང་གོའི་ཚན་རིག་མཁས་ཅན་གྱིས་མིའི་རིགས་ཀྱི་ཚན་རིག་བྱ་གཞག་ཆེད་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་ཡོད། གསར་གཏོད་འདེད་སྐུལ་གྱི་འཕེལ་རྒྱས་འཐབ་ཇུས་རྒྱུན་མི་ཆད་པར་ཟབ་ཏུ་ཕྱིན་ནས་དམངས་བྱིངས་ལས་གཏོད་དང་དམངས་ཡོངས་གསར་གཏོད་ལས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱས་པ་དང་། ཀྲུང་གོའི་ཚན་རྩལ་གསར་གཏོད་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཡིད་སྨོན་སྐྱེས་པ་དང་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཤུགས་དང་སྤོབས་པོ་ཆེས་ཆེར་འཕེལ་ཡོད་ཅེས་གསུངས་པ་རེད།
         ལི་ཁེ་ཆང་གིས་གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་ཨང་དང་པོ་ཡིན་ཞིང་། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱོང་སྤེལ་དང་སྲོལ་རྒྱུན་གྱི་སྒུལ་ནུས་སྒྱུར་བཀོད་རིམ་སྤོར་བྱས་ནས་གསར་གཏོད་འདེད་སྐུལ་ལ་བརྟེན་པའི་ཁྲིད་སྟོན་རྣམ་པའི་འཕེལ་རྒྱས་སྔར་བས་མང་བ་ཡོང་བ་བྱེད་དགོས། འཐབ་ཇུས་ཀྱི་རྩོད་ངེས་ཁྱབ་ཁོངས་སུ་སྔོན་ཚུད་བཀོད་སྒྲིག་བྱས་ཏེ་རྨང་གཞིའི་ཞིབ་འཇུག་དང་བཀོལ་སྤྱོད་ཞིབ་འཇུག་གི་འབྲེལ་མཐུད་མཉམ་འདྲེས་བྱེད་མགྱོགས་སུ་གཏོང་དགོས། ཚན་རྩལ་རྣམ་གྲངས་གལ་ཆེན་འབོར་ཆེན་ལག་ལེན་བསྟར་ནས་ཚན་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཁག་གཅིག་བསྐྲུན་ཏེ“གཉིས་གཏོད”དཔེ་སྟོན་རྟེན་གཞི་ཁག་གཅིག་གཏོད་དགོས། སྲོལ་རྒྱུན་ཐོན་ལས་སུ“དྲ་སྦྲེལ་+”བྱ་སྤྱོད་རྒྱ་ཁྱབ་ངང་སྤེལ་ནས“ཐོན་ལས་རྙིང་པ”ལས“གསོན་ཤུགས་གསར་པ”རྒྱས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།
         ལི་ཁེ་ཆང་གིས་དམངས་བྱིངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གསར་གཏོད་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་དགོས། གསར་གཏོད་ཀྱི་སྟོབས་ཤུགས་ཆེན་པོ་དམངས་བྱིངས་ཀྱི་ཁྲོད་དུ་ཡོད། གསར་གཏོད་ནི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས་གསར་གཏོད་ལ་ཚོད་འཛིན་བྱེད་པའི་འཆིང་རྒྱ་མེད་པར་བཟོས་ནས་གསར་གཏོད་ཀྱི་རྒྱུ་རྐྱེན་འཁོར་སྐྱོད་ལ་སྐུལ་མ་གཏོང་བ་དང་ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་། མཐོ་སློབ། ཚན་ཞིབ་སྒྲིག་གཞི་བཅས“ཕྱོགས་ལྔ་མཐུན་སྦྱོར”གྱི་གསར་གཏོད་མང་བའི་ལས་སྟེགས་གཏོད་དེ་གསར་གཏོད་ཀྱི་བྱེད་པོ་ཕན་ཚུན་སྐུལ་གཏོང་དང་། དམངས་ཁྲོད་ཀྱི་མི་སེར་དང་ཚན་རྩལ་གྱི་མི་སྣ་ཕུལ་བྱུང་དབར་དཔུང་པ་མཉམ་གཤིབ། དྲ་ཐོག་དང་སྲོལ་རྒྱུན་ཕན་སྐུལ་བཅས་ཀྱི་གསོན་ཉམས་དོད་པའི་རྣམ་པ་སྣ་ཚོགས་ཆགས་པར་བྱེད་དགོས་ཞེས་གསུངས་ཡོད།
         ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཚོགས་འདུའི་ཐོག་《2015ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》སྒྲོག་སྦྱངས་གནང་བ་རེད།
         རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའི་བྱ་དགའ་རིམ་པ་དང་པོ་ཐོབ་པའི་རྣམ་གྲངས“འོད་རྡུལ་སྣ་ཚོགས་འཕྲད་པ་དང་དེའི་འགལ་རྐྱེན་ཚད་གཞི”ལེགས་གྲུབ་བྱེད་མཁན་ཨང་དང་པོ་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་ཚན་རྩལ་སློབ་ཆེན་གྱི་རྒྱུན་ལས་ཞའོ་ཀྲང་གཞོན་པ་ཕན་ཅན་ཝུའེ་ཡིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་བ་རེད།
          བྱ་དགའ་སྤྲོད་པའི་ཚོགས་ཆེན་མ་འཚོག་གོང་ཞིས་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་མཁན་འཐུས་མིར་མཇལ་འཕྲད་གནང་བ་མ་ཟད་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།
          2015ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་དེ་རྣམ་གྲངས་295ཡི་གྲུབ་འབྲས་དང་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཚན་རྩལ་རིགས་གཅིག་མཁས་ཅན་7ལ་སྤྲད་པ་རེད། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའི་རྣམ་གྲངས་42ཡོད་པར་དེའི་ནང་བྱ་དགའ་རིམ་པ་དང་པོ་1དང་བྱ་དགའ་རིམ་པ་གཉིས་པ་41ཡོད་པ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའི་རྣམ་གྲངས་66ཡོད་པའི་ནང་བྱ་དགའ་རིམ་པ་དང་པོ་1དང་བྱ་དགའ་རིམ་པ་གཉིས་པ་65ཡོད་པ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་187ཡོད་པའི་ནང་དམིགས་བསལ་བྱ་དགའ་3དང་། བྱ་དགའ་རིམ་པ་དང་པོ་17 བྱ་དགའ་རིམ་པ་གཉིས་པ་167 བཅས་ཡོད། རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་ཚན་རྩལ་རིགས་གཅིག་མཁས་ཅན་7ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་གནང་བ་བཅས་རེད།

  
2016-01-09 2015-12-31