མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཞིས་ཅིན་ཕིང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་ཚད་
ཁག་ལ་དམིགས་ནས་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་དམ་འཛིན་
ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་13ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཟླ་1ཚེས་11ཉིན་གྱི་ཕྱི་དྲོ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་ཉི་ཤུ་པ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཚོགས་འདུའི་ཐོག་《སྲིད་དོན་ཡོངས་བསྒྲགས་ལས་དོན་ལ་སྒོ་ཀུན་ནས་སྐུལ་མ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》དང་《རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》 《ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་སྲུང་སྐྱོབ་དང་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》 《སྲིད་འཛིན་འགན་ནུས་སྒྲུབ་པའི་བྱ་གཞག་ཚན་པར་སྒྱུར་བཅོས་ཚོད་ལྟ་བྱ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》 《ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལག་བསྟར་ཇུས་གཞི》 《སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་འགོ་ཁྲིད་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་གཏན་འབེབས》 《སྤྱི་བདེའི་ལས་ཁུངས་ཀྱི་ཉེན་དོན་ལས་རོགས་མི་སྣའི་དོ་དམ་ལས་དོན་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》བཅས་ལ་གྲོས་ཞིབ་གྲོས་འཆམ་བྱས་པ་རེད།
         ཚོགས་འདུའི་ཐོག་བསྟན་དོན། སྲིད་དོན་ཡོངས་བསྒྲགས་ནི་ཁྲིམས་སྐྱོང་སྲིད་སྐྱོང་འཛུགས་སྐྱོང་བྱེད་པའི་ལམ་ལུགས་གལ་ཆེན་ཞིག་རེད། ལམ་ལུགས་བཀོད་སྒྲིག་ཐོག་ནས་སྲིད་དོན་ཡོངས་བསྒྲགས་དེ་སྲིད་དོན་འཁོར་སྐྱོད་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དབང་ཆ་གང་བར་དུ་སྤྱོད་ཚེ་དེ་བར་ཡོངས་བསྒྲགས་དང་ལྟ་སྐུལ་བྱེད་དགོས། སྲིད་དོན་ཡོངས་བསྒྲགས་ཀྱི་ནང་དོན་དང་། ཚད་གཞི། གཞི་གྲངས་བཅས་ཁྲིམས་དང་སྒྲིག་སྲོལ་ལྟར་གསལ་པོ་བཟོས་ནས་དབང་ཆའི་གསལ་ཐོ་དང་། འགན་འཁྲི་གསལ་ཐོ། བཀག་རྒྱ་གསལ་ཐོ་བཅས་གང་མགྱོགས་བཟོ་བ་དང་འབྲེལ་ཡོངས་བསྒྲགས་བྱེད་དགོས། ནོར་སྲིད་སྔོན་རྩིས་དང་། ཐོན་ཁུངས་ཀྱི་བཀོད་སྒྲིག རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་མཆན་འགོད་དང་ལག་བསྟར། སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་སྲིད་དོན་ཆ་འཕྲིན་ཡོངས་བསྒྲགས་བྱ་རྒྱུར་གཙོ་གནད་དུ་ཁྱབ་སྤེལ་བཏང་ནས་ཡོངས་བསྒྲགས་ལ་བརྟེན་ནས་དོན་འཁྱོལ་ལ་སྐུལ་མ་གཏོང་བ་དང་། ཡོངས་བསྒྲགས་ལ་བརྟེན་ནས་ཚད་ལྡན་ལ་སྐུལ་མ་གཏོང་བ། ཡོངས་བསྒྲགས་ལ་བརྟེན་ནས་ཞབས་ཞུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། ཡོངས་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ་དང་སྲིད་དོན་ཡོངས་བསྒྲགས་དང་དེའི་ནང་ཞུགས་རྒྱ་ཆེ་རུ་གཏོང་བ། ཡོངས་བསྒྲགས་ཀྱི་ཕན་འབྲས་ལ་སྣང་ཆེན་བཅས་བྱས་ནས་མང་ཚོགས་ཀྱིས་ལྟ་ཤེས་པ་དང་། གོ་ཐུབ་པ། ལྟ་སྐུལ་བྱེད་ཐུབ་པ། ཞུགས་བདེ་བ་བཅས་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་ཁྲིམས་ལྟར་རྒྱལ་སྐྱོང་གི་བླང་བྱ་དང་འཚམས་པ་བྱས་ནས་ཁྲིམས་སྦྱོང་ཁྲིམས་སྤྱོད་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྐྱོང་གི་བྱང་ཚད་དང་ཁྲིམས་ལྟར་བྱ་བ་སྒྲུབ་ནུས་མཐོ་རུ་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་དཔེ་བཟང་ཞིག་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་སྣེ་ཁྲིད་ནས་སློབ་སྦྱོང་དང་ཁྲིམས་སྐྱོང་ཧུར་ཐག་དང་ཁྲིམས་བཞིན་བྱ་བ་བསྒྲུབ་རྒྱུའི་སྣེ་ཁྲིད་དགོས། རྒྱལ་ཁབ་ཀྱི་ལས་དོན་མི་སྣས་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོར་བཙུགས་ཏེ་སྦྱངས་པའི་བཅའ་ཁྲིམས་ཀྱི་ཤེས་བྱ་དེ་ཁྲིམས་ལྟར་བྱ་བ་སྒྲུབ་པའི་ནུས་པར་སྒྱུར་ཐུབ་པ་བྱེད་དགོས། རྒྱལ་ཁབ་ཀྱི་ལས་དོན་མི་སྣའི་ཁྲིམས་སྦྱོང་ཁྲིམས་སྤྱོད་ཀྱི་ལས་དོན་ལ་དཔྱད་ཞིབ་དང་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ལ་བརྩི་སྲུང་དང་ཁྲིམས་བཞིན་བྱ་བ་སྒྲུབ་ཐུབ་མིན་དེ་ལས་བྱེད་པར་དཔྱད་ཞིབ་བྱེད་པའི་གཞི་འཛིན་ས་གལ་ཆེར་བརྩི་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཐེར་འདོན་ལས་དོན་ནི་མང་ཚོགས་ལ་བརྟེན་ནས་ལས་ཐོག་ཉེས་གསོག་ཞིབ་བཤེར་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པ་མ་ཟད་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཁབ་ཀྱིས་ལས་ཐོག་ཉེས་གསོག་ཐེར་འདོན་བྱེད་མཁན་སྲུང་སྐྱོང་དང་བྱ་དགའ་སྤྲོད་པའི་ལམ་ལུགས་འཐུས་ཚང་དུ་བཏང་ཚེ་མི་དམངས་མང་ཚོགས་ཀྱིས་ཐེར་འདོན་བྱེད་པའི་ཧུར་སེམས་སྐུལ་སློང་དང་སྲུང་སྐྱོང་བྱ་རྒྱུར་ཕན་ཐོགས་ཡོད་པས་སྤྱི་ཚོགས་ཧྲིལ་པོར་སྲོལ་བཟང་དར་སྤེལ་དང་བཅའ་ཁྲིམས་ཀྱི་ལ་རྒྱ་སྲུང་སྐྱོབ་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ཐེར་འདོན་བྱེད་མཁན་སྲུང་སྐྱོང་ལས་དོན་གྱི་གསང་སྲུང་དང་སྲུང་སྐྱོབ་ཀྱི་བྱ་ཐབས་བཟོ་བ་དང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་པའི་ཁྱབ་ཁོངས་དང་བྱ་དགའི་དངུལ་གྲངས་གསལ་པོ་དང་འགན་སྲུང་དང་ལྟ་སྐུལ་ལས་དོན་ལེགས་པར་སྒྲུབ་པ་དང་འབྲེལ་ཐེར་འདོན་བྱེད་མཁན་ལ་རྡུང་རྡེག་དང་འཁོན་ལན་སློག་པའི་བྱ་སྤྱོད་སྔོན་འགོག་ཧུར་ཐག་དང་ཐག་གཅོད་ནན་པོ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྲིད་འཛིན་འགན་ནུས་སྒྲུབ་པའི་བྱ་གཞག་ཚན་པར་སྒྱུར་བཅོས་ཀྱི་ཚོད་ལྟ་བྱེད་པར་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱ་རྒྱུ་ལྟེ་བར་བྱས་ནས་སྲིད་འཛིན་དང་བྱ་གཞག་ལོགས་སུ་དབྱེ་རྒྱུར་སྐུལ་མ་གཏོང་བ་དང་སྲིད་གཞུང་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། ལྷུག་གཏོང་དང་དོ་དམ་ཟུང་འབྲེལ། ཞབས་ཞུ་ལེགས་གཏོང་བཅས་ལ་མུ་མཐུད་སྐུལ་མ་གཏོང་བ་དང་། འགན་ནུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། རྩ་འཛུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། སྲིད་གཞུང་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། སྲིད་འཛིན་གྱི་ལས་ཆོད་ཆེ་རུ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་འཕེལ་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་འཕེལ་བ་བྱེད་དགོས། འགན་ནུས་གཙང་བཤེར་དང་དོ་དམ་ཚད་ལྡན་དུ་གཏོང་བའི་སྔོན་འགྲོའི་འོག་སྒྱུར་བཅོས་ལ་སྐུལ་མ་བཏང་སྟེ་རིགས་དབྱེའི་ཇུས་འདོན་དང་གོམ་སྟབས་ཕྱེ་ནས་སྐུལ་་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཚན་རྩལ་མཐུན་ཚོགས་ཁོངས་གཏོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཏང་གི་འགོ་ཁྲིད་རང་རྟོགས་ངང་དང་ལེན་བྱེད་པ་དང་། ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་ཞབས་འདེགས་ཞུ་བ། ཁྲིམས་དང་སྒྲིག་ཡིག་ལྟར་ལས་དོན་སྤེལ་རྒྱུ་ཟུང་འབྲེལ་དམ་ཟབ་བཅས་བྱས་ནས་ཚན་རྩལ་ལས་དོན་པར་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་དང་བཅོས་སྐྱོང་གི་གྲུབ་ཆ་དང་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་བྱས་ཏེ་སྤྱི་ཚོགས་ལ་ཕྱོགས་པའི་སྤྱི་པའི་ཞབས་ཞུའི་ཐོན་རྫས་མཁོ་འདོན་བྱེད་པའི་ལམ་སྲོལ་གསར་གཏོད་བྱས་ནས་ཚན་རྩལ་མཐུན་ཚོགས་ཀྱི་སྒྲིག་འཛུགས་དེ་ཉིད་ཏང་གི་འགོ་ཁྲིད་འོག་རྒྱ་ཆེའི་ཚན་རྩལ་ལས་དོན་པར་མཐུན་སྒྲིལ་དང་འབྲེལ་བ་བྱེད་པའི་མི་དམངས་ཚོགས་པ་ཞིག་ཏུ་འགྱུར་བ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་གི་འགོ་ཁྲིད་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་“གཏོགས་ཁོངས་དོ་དམ”དང་“སུས་གཙོ་གཉེར་བྱས་པ་དེས་འགན་ཁུར་བའི”རྩ་དོན་དོན་འཁྱོལ་བྱས་ནས་འགན་འཁྲི་གསལ་པོ་དང་། བྱ་དགའ་ཆད་གཅོད་གསལ་པོ། མཐུན་སྦྱོར་དང་ཆ་ལག་ཚང་བ། དངོས་སྒྲུབ་དང་གོ་ཆོད་པ་བཅས་ཀྱི་འགོ་ཁྲིད་འགན་འཁྲིའི་མ་ལག་འཛུགས་དགོས། དོ་དམ་སྒྲིག་སྲོལ་ལམ་ལུགས་དང་ལས་གནས་འགན་འཁྲི་ཁ་གསལ་དེ་ལྟེ་བ་དང་དོ་དམ་ལམ་ལུགས་འཐུས་ཚང་གཏོང་བ་དང་ལས་རིགས་འགན་ལེན་དོན་འཁྱོལ་བྱ་རྒྱུ་དེ་གཙོ་གནད་དུ་བྱས་ཏེ་ཉེས་དོན་ལས་རོགས་མི་སྣའི་དོ་དམ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཁྲིམས་སྐྱོང་བཅས་ལ་སྐུལ་མ་བཏང་སྟེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་ཆེད་མི་ཤུགས་ཐོན་ཁུངས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། ཁྱབ་ཁོངས་ཁག་གི་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་ལ་གདུང་བཞི་ཀ་བརྒྱད་ཀྱི་ངོ་བོ་ལྡན་པའི་སྒྱུར་བཅོས་གསལ་པོ་བཏོན་ནས་སྔོན་སྤེལ་གོ་རིམ་སྒྲིག་པ་དང་གཙོ་གནད་ལ་སྐུལ་འདེད་བཏང་སྟེ་འདེགས་སྐྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས། ལྷག་པར་དུ་གཞུང་ཁོངས་ཁེ་ལས་དང་། ནོར་ཁྲལ་དངུལ་རྩ། ཚན་རྩལ་གསར་གཏོད། ས་ཞིང་ལམ་ལུགས། ཕྱི་ཕྱོགས་སྒོ་དབྱེ། རིག་གནས་སློབ་གསོ། ཁྲིམས་འཛིན་དྲང་གཞག ཁོར་ཡུག་སྲུང་སྐྱོང་། རྒན་གསོ་ལས་ཞུགས། སྨན་བཅོས་འཕྲོད་བསྟེན། ཏང་འཛུགས་སྐྱོང་དང་སྒྲིག་བཤེར་སོགས་ཁྱབ་ཁོངས་ཀྱི་སྣེ་འདྲེན་གྱི་ནུས་པ་ལྡན་པའི་སྒྱུར་བཅོས་དམ་འཛིན་ནན་པོ་བྱས་ནས་གཙོ་གནད་དམ་འཛིན་དང་ཁྱོན་ཡོངས་སྣེ་ཁྲིད་ཟུང་འབྲེལ་དང་། རྩ་ལག་མཉམ་བཅོས་ཕན་ཚུན་སྐུལ་འདེད་གཏོང་བ། གཙོ་གནད་ཚད་བརྒལ་དང་རིམ་པ་བཞིན་སྐུལ་འདེད་གཏོང་རྒྱུ་ཕན་ཚུན་སྦྲེལ་མཐུད་བཅས་མཐའ་འཁྱོངས་བྱས་ཏེ་གནད་སྨིན་ཤུགས་འདོན་དང་རྒྱུན་སྲིང་གིས་ཤུགས་བརྒྱབ་སྟེ་སྒྱུར་བཅོས་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།
         ཚོགས་འདུའི་ཐོག་སྒྱུར་བཅོས་ཀྱི་འགན་འཁྲིའི་བྱེད་པོ་མི་འདྲ་བའི་བྱེད་པོའི་འགན་འཁྲི་དབྱེ་བ་གསལ་པོ་ཕྱེ་བ་དང་དོན་འཁྱོལ་གནད་སྨིན་བྱས་ནས་རང་འགན་རང་འཁུར་དང་རང་འགན་རང་སྒྲུབ་བྱེད་དགོས་ལ་ཕན་ཚུན་མཉམ་སྒྲུབ་དང་གཞོགས་འདེགས་ཀྱང་བྱེད་དགོས། ཆེད་དོན་ཚོགས་ཆུང་གིས་སྤྱི་འདོམས་བཀོད་སྒྲིག་ལ་དམ་འཛིན་བྱེད་དགོས་པ་མ་ཟད། ལྟ་ཞིབ་དོན་འཁྱོལ་ལའང་དམ་འཛིན་བྱས་ནས་འགག་རྩའི་རང་བཞིན་གྱི་སྒྱུར་བཅོས་འགའ་ཤས་ལ་སྣེ་ཁྲིད་སྒྲིག་འཛུགས་བྱས་ནས་ཇུས་གཞི་བཟོ་དགོས། སྒྱུར་བཅོས་ཀྱི་སྣེ་ཁྲིད་སྡེ་ཚན་ནི་ཀྲུང་དབྱང་གིས་སྒྱུར་བཅོས་ཀྱི་ཞིབ་ཕྲའི་ལས་འགན་བཀོད་སྒྲིག་བྱེད་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་མཁན་ཡིན་པ་དང་ཚན་པའི་འགོ་ཁྲིད་གཙོ་བོས་སྒྱུར་བཅོས་ལ་སྤྱི་འདོམས་མཐུན་སྦྱོར་དང་། ཇུས་གཞིའི་སྤུས་ཚད། ཁེ་ཕན་ལེགས་སྒྲིག དོན་འཁྱོལ་ལ་སྐུལ་མ་གཏོང་རྒྱུར་ཐད་ཀའི་འགན་འཁྲི་ཡོད་པས་བརྒྱུད་རིམ་ཧྲིལ་པོར་དོ་ཁུར་བྱེད་དགོས་པ་དང་ལྷུ་ཚིགས་ཚང་མར་དོན་འཁྱོལ་ཐུབ་པ་དང་ཞིབ་བསྡུར་ཆོག་པའི་བླང་བྱ་བཙན་པོ་འདོན་དགོས། ས་གནས་ཏང་ཨུད་ཀྱིས་ས་ཁུལ་དེའི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་བྱེད་པོའི་འགན་འཁྲི་འཁུར་ནས་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་དོན་འཁྱོལ་གནད་སྨིན་བྱེད་དགོས་པ་མ་ཟད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ས་གནས་སྒྱུར་བཅོས་བཀོད་སྒྲིག་ལག་བསྟར་དང་གཞི་རིམ་གསར་གཏོད་ལ་སྐུལ་ལྕག་རྒྱབ་སྐྱོར་བྱེད་དགོས། ཏང་ཨུད་ཧྲུའུ་ཅི་ནི་འགན་འཁྲི་བ་དང་པོ་ཡིན་པས་སྣེ་ཁྲིད་བྱེད་དགོས་པ་མ་ཟད་དེའི་ནང་ཞུགས་ནས་རང་འགན་རང་འཁུར་ཐོག་ནས་སྒྱུར་བཅོས་དམ་འཛིན་བྱེད་དགོས། ཀྲུང་དབྱང་ནས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་བྱ་ཐབས་གལ་ཆེན་ཐད་ས་གནས་དེའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲ་བཟོས་ནས་རྟག་ཏུ་དོ་ཁུར་དང་རྟག་ཏུ་རྗེས་སྙེག་བྱས་ཏེ་དམ་འཛིན་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས། སྒྱུར་བཅོས་ལྟ་ཞིབ་ཀྱི་ལས་དོན་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་ལྟ་ཞིབ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།

  
2016-01-09 2015-12-31