མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཨུ་ཡོན་ཀྲའོ་ཀྲེན་ཞི་ཡིས་ས་ཁུལ་དབུལ་པོར་ལོ་བཅོ་ལྔ་ཡི་རིན་མེད་སློབ་གསོ་ཚོད་ལྟ་
ཁྱབ་སྤེལ་གཏོང་དགོས་ཞེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་08ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

          མི་དམངས་དྲ་བའི་འཕྲིན། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་མ་ཟིན་ནང་སྤྱི་པའི་སློབ་གསོའི་གཏོང་ཆ་གཏོང་ཤུགས་དེ་དབུས་ནུབ་རྒྱུད་དང་མི་རིགས་མཐའ་མཚམས་ས་ཁུལ་དབུལ་པོར་ཆེ་རུ་གཏོང་དགོས་ཞེས་བཏོན་ཡོད། དེར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་སི་ཁྲོན་ཞིང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་ཀྲའོ་ཀྲེན་ཞི་ཡིས་ས་ཁུལ་དབུལ་པོར་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་བཅོ་ལྔ་ཡི་རིན་མེད་སློབ་གསོའི་འཆར་གཞི་ཚོད་ལྟ་ཁྱབ་སྤེལ་བཏང་སྟེ་སློབ་གསོའི་ཐོན་ཁུངས་དེ་ས་ཁུལ་དབུལ་པོར་སྔར་བས་གནད་སྨིན་ངང་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
          “ཕྲུ་གུ་ནི་ཁྱིམ་ཚང་ཞིག་གི་འབྱུང་འགྱུར་དང་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་སྲིད་མོད། འོན་ཀྱང་ས་ཁུལ་དབུལ་པོ་དང་གྲོང་གསེབ་ཏུ་ཕྲུ་གུར་དགོས་ངེས་ཀྱི་རོགས་རམ་དང་། གཅེས་སྐྱོང་། སློབ་གསོ་ཁྲིད་སྟོན་བཅས་མ་བྱུང་བའི་དབང་གིས་སྔ་ས་ནས་སློབ་གྲྭ་ནས་འཐེན་པ་དང་ཐ་ན་ལོག་ལམ་དུ་བསྐྱོད་མཁན་ཡང་ཡོད”ས་ཁུལ་དབུལ་པོའི་སློབ་གསོའི་ད་ཡོད་གནས་ཚུལ་སྐོར་གླེང་སྐབས་ཨུ་ཡོན་ཀྲའོ་ཀྲེན་ཞི་ཡིས་ཕངས་སེམས་ཆེན་པོ་གནང་གི་འདུག
          “སློབ་གསོའི་དབུལ་སྐྱོར་དེས་ཤེས་བྱ་དང་། བློ་གྲོས། བསམ་བློ་བཅས་ལ་རོགས་སྐྱོར་བྱེད་ཐུབ། དེ་རྒྱུན་མཐུད་ཀྱི་ཕན་ནུས་ཆེ་ཤོས་ལྡན་པ་ཞིག་ཡིན་ལ་དབུལ་པོ་མི་རབས་གཉིས་ཀྱི་རྒྱུན་ཐག་རྩ་བའི་ཆ་ནས་གཅོད་པའི་གནད་སྨིན་དབུལ་སྐྱོར་བྱེད་ཐབས་ཤིག་ཀྱང་ཡིན”ཞེས་ཨུ་ཡོན་ཀྲའོ་ཀྲེན་ཞི་ཡིས་གསུངས་པ་རེད།
          “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྩ་གནད་མ་ཟིན་ནང་སློབ་གསོ་དེང་རབས་ཅན་གྱི་འདུ་འགོད་གལ་ཆེན་དགུ་བཏོན་པའི་ཁྲོད་དབུས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོ་དང་། ལྷག་དོན་དུ་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་ཐོན་ཁུངས་མང་དུ་བཏང་ནས། དབུས་ནུབ་རྒྱུད་ཀྱི་ས་ཁུལ་དབུལ་པོའི་མཐོ་རིམ་སློབ་འབྲིང་དཀྱུས་མར་བསྐྱོད་ཐུབ་མེད་པའི་དམའ་རིམ་སློབ་འབྲིང་གི་སློབ་ཐོན་སློབ་མ་ཚོ་་འབྲིང་རིམ་ལས་རིགས་སློབ་གྲྭར་སློབ་སྦྱོང་བྱེད་པར་སྐྱོད་དུ་འཇུག་རྒྱུ་དང་། ཡོངས་ཕན་རང་བཞིན་གྱི་བུ་བཅོལ་ཁང་འཛུགས་སྐྲུན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དབུས་ནུབ་རྒྱུད་ཀྱི་གྲོང་གསེབ་ཀྱི་སློབ་ལོན་བྱིས་པ་དང་ཕྱོགས་ཡོངས་ནས་ཕྲུ་གུ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་བའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་སློབ་ལོན་བྱིས་པ་བུ་བཅོལ་ཁང་དུ་སྐྱོད་པའི་དགོས་མཁོ་དམིགས་སུ་བཀར་ནས་སྐོང་རྒྱུ་ཚུད་ཡོད་པ་རེད།
          ཀྲའོ་ཀྲེན་ཞི་ཡིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལོ་གསུམ་གྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ། དབུལ་པོའི་ས་ཁུལ་གྱི་སློབ་ཞུགས་གོང་གི་སློབ་ཡོན་མི་དགོས་པའི་སློབ་གསོའི་ཁྱབ་ཁོངས་ནང་གཅིག་གྱུར་ཐོག་བཅུག་ནས་གྲུབ་ཆ་ཀུན་ཚང་གི་ས་ཁུལ་དབུལ་པོའི་སློབ་གསོའི་མ་ལག་ཅིག་ཆགས་པ་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
         ཀྲའོ་ཀྲེན་ཤིས་ཀྱིས། སི་ཁྲོན་ལེང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་རུ་བརྟག་ཞིབ་བྱེད་སྐབས། ལོ་དགུའི་ལམ་ལུགས་ཀྱི་འོས་འགན་སློབ་གསོ་ཁྱབ་གདལ་བཏང་རུང་སློབ་ཞུགས་གོང་དུ་རྒྱུན་ལྡན་དང་ཚད་ལྡན་གྱི་སློབ་གསོ་ཐེབས་མེད་སྟབས། ས་གནས་དེ་གའི་ཕྲུ་གུ་མང་པོ་ཞིག་སློབ་ཆུང་དུ་སྐྱོད་སྐབས་སློབ་སྦྱོང་རྗེས་མ་ཟིན་པ་དང་། ཐ་ན་ཕྲུ་གུ་ཁག་གཅིག་ལོ་རིམ་གསུམ་པ་དང་བཞི་པར་སླེབས་རུང་ད་དུང་རྗེས་མ་ཟིན་པ་ཤེས་རྟོགས་བྱུང་ཞེས་གསུངས་པ་རེད།