མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།རང་རྒྱལ་གྱིས་ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས་བྱིས་ནད་ཚན་ཁག་གི་ཐོན་ཁུངས་དཀོན་
པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་གསར་འགོད་པའི་ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་པིན་གྱིས། རང་རྒྱལ་གྱིས་ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས་བྱིས་ནད་ཚན་ཁག་གི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟ་རང་རྒྱལ་དུ་བྱིས་པའི་སྨན་ཁང་99དང་། སྨན་ཁང་སྒྲིག་གཞི་ཁྲི་3.6ལ་བྱིས་ནད་ཚན་ཁག་བཙུགས་པ་དང་། སྤྱིའི་ཆ་ནས་བལྟས་ན། རྒྱལ་ཡོངས་སུ་བྱིས་ནད་ཚན་ཁག་གི་སྨན་དོན་མི་སྣ་ཁྲི་12ཡོད་པས། བྱིས་ནད་ཚན་ཁག་གི་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མུ་མཐུད་མཐོ་རུ་ཕྱིན་ཡོད། ལོ་མང་རིང་གི་འབད་འཐབ་བརྒྱུད་རང་རེའི་རྒྱལ་ཁབ་ཀྱི་ཕྲུ་གུ་དམར་འབྱར་ཤི་ཚད་2008ལོའི་སྨན་བཅོས་སྒྱུར་བཅོས་མ་བྱས་གོང་གི་14.9‰ནས་2015ལོའི་8.1‰བར་ཆག་ཡོད། དམིགས་ཚད་དེ་ནི་རྒྱལ་ཁབ་གཅིག་གི་རྒྱལ་དམངས་ཀྱི་གཟུགས་གཞི་བདེ་ཐང་གི་གཞི་རྩའི་དམིགས་ཚད་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་མ་ཟད། ཆུ་ཚད་དེ་འཛམ་གླིང་ཐོག་གི་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་ཆུ་ཚད་དང་ཧ་ལམ་མཉམ་གྱི་ཡོད།
          “ཡིན་ནའང་ང་ཚོས་ད་དུང་ཤེས་དགོས་པར། རང་རེའི་རྒྱལ་ཁབ་ལ་ལོ་14མན་གྱི་བྱིས་པ་དུང་ཕྱུར་2.3ཡོད་པ་དང་། གྲངས་གཞི་དེ་ཧ་ཅང་མང་པོ་མ་རེད་དམ། འཛམ་གླིང་གི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་ལྔ་པ་ཡིན་པའི་པར་ཙིར་གྱི་སྤྱིའི་མི་འབོར་ལས་ཀྱང་མང་བ་ཡོད” ལི་པིན་གྱིས“སྨན་བཅོས་འཕྲོད་སྦྱོར་གྱི་དགོས་མཁོ་ཧ་ཅང་ཆེན་པོ་རེད། བྱིས་པའི་ཞབས་ཞུའི་ཐོན་ཁུངས་ཀྱི་སྤྱི་འབོར་ད་དུང་ཁ་ཐང་བའི་ཁར། ལེ་ལག་གྲུབ་ཆ་ཡང་དེ་ཙམ་ལུགས་མཐུན་མེད། དུས་ཚིགས་རང་བཞིན་གྱི་བྱིས་པའི་ནད་ཡམས་ཐོན་ཆེ་བའི་དུས་སུ། བྱིས་པ་གཅིག་སྡུད་ཐོག་སྨན་བཅོས་བྱེད་སྐབས་མཁོ་སྤྲོད་དང་དགོས་མཁོའི་འགལ་ཟླ་སྔར་བས་མངོན་གསལ་དོད་པ་དཔེར་ན། འདས་མ་ཐག་པའི་དགུན་དུས་སུ་གྲང་རྒྱུན་དང་ཆམ་རིམས་ལ་སོགས་ཀྱི་ཤུགས་རྐྱེན་འོག་གྲོང་ཁྱེར་ཆེན་པོ་དག་གི་སྨན་ཁང་ཁག་གཅིག་ལ་བྱིས་ནད་ཚན་ཁག་ཁ་ཐང་བའི་གནས་ཚུལ་ཐོན་ཡོད”ཅེས་གསུངས།
          ལི་པིན་གྱིས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱིས་པའི་སྨན་བཅོས་འཕྲོད་སྦྱོར་ཞབས་ཞུར་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར་བཏོན་པ་དང་། ཕྱོགས་བསྡུས་བྱེད་ཐབས་སྤྱད་ནས་བྱིས་ནད་ཚན་ཁག་གི་ཐོན་ཁུངས་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་ཕྱོགས་གཅིག་ནས་མཁོ་སྤྲོད་ཕྱོགས་ཀྱིས་ཤུགས་སྣོན་བརྒྱབ་སྟེ་ཞབས་ཞུ་མཁོ་སྤྲོད་བྱེད་ཚད་ཆེ་རུ་གཏོང་རྒྱུ་དང་། ཕྱོགས་གཞན་ཞིག་ནས་དགོས་མཁོ་ཕྱོགས་ཀྱི་གནོན་ཤུགས་ཆུང་དུ་བཏང་ནས་སྔོན་འགོག་ལ་ཤུགས་སྣོན་གྱིས་ནད་ཡམས་ཉུང་དུ་གཏོང་རྒྱུ་དེ་རེད་ཅེས་ངོ་སྤྲོད་གནང་བྱུང་།
         ——བྱིས་ནད་ཚན་ཁག་གི་སྨན་བཅོས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རྒྱལ་ཁབ་ཀྱིས་བྱིས་ནད་ཚན་ཁག་གི་སྨན་བཅོས་ཐོན་ཁུངས་མུ་མཐུད་མཁོ་སྤྲོད་བྱ་རྒྱུ་དེ་མ་ལག་འཛུགས་སྐྱོང་གི་གཙོ་གནད་དུ་བཟུང་ནས། མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚང་མར་བྱིས་པའི་སྨན་ཁང་རེ་ཡོད་པ་བྱེད་པ། རྒྱུན་སྡོད་མི་འབོར་ཁྲི་300ལས་བརྒལ་བའི་ས་ཁུལ་རིམ་པའི་གྲོང་ཁྱེར་དུ་བྱིས་པའི་སྨན་ཁང་གཅིག་འཛུགས་པ། རིམ་པ་གཉིས་པ་ཡན་གྱི་ཕྱོགས་བསྡུས་སྨན་ཁང་ཚང་མར་བྱིས་ནད་ཚན་ཁག་འཛུགས་པ། རྫོང་རིམ་པའི་གཞུང་འཛུགས་སྨན་ཁང་དང་བྱིས་ནད་ཚན་ཁག་གི་དགོས་མཁོ་ཆེ་བའི་གྲོང་ཁྱེར་ཆེ་གྲས་ཀྱི་གཞུང་འཛུགས་སྨན་ཁང་དུའང་བྱིས་ནད་ཚན་ཁག་གི་ནད་ཁང་ཡོད་པ་བཅས་བྱེད་དགོས། ཞིང་ཆེན་དང་། གྲོང་ཁྱེར། རྫོང་བཅས་ཚང་མར་སྲིད་གཞུང་གིས་གཉེར་བའི་ཚད་ལྡན་ཅན་གྱི་མ་བུ་འཕྲོད་སྦྱོར་སྒྲིག་གཞི་བཙུགས་ནས། བྱིས་པ་ཡོད་པའི་ཁྱིམ་ཚང་དེ་གཞི་རིམ་གྱི་མཁོ་ཆོད་སྨན་པ་དང་ཁྱིམ་ཚང་སྨན་པའི་གཙོ་གནད་མིང་འགོད་བྱ་ཡུལ་དུ་བརྩི་དགོས།
         ——བྱིས་ནད་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་ཤིང་། སློབ་གསོ་སྡེ་ཚན་གྱིས་དངོས་གཞིའི་ཚན་ཁག་གི་བྱིས་ནད་ཚན་ཁག་གི་ཆེད་ལས་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ། ཞིབ་འཇུག་སློབ་མའི་བྱིས་ནད་ཚན་ཁག་གི་སྨན་པ་བཀའ་བཅུ་པ་གསོ་སྐྱོང་གི་གཞི་ཁྱོན་ཆེ་རུ་གཏོང་དགོས་པ་དང་། འདི་ལོ་ནས་འགོ་བཙུགས་ཏེ་སློབ་མ་བསྡུ་ཤུགས་ཆེ་རུ་གཏོང་དགོས། སློབ་མ་བསྡུ་བའི་སློབ་གྲྭ་དང་སློབ་མ་བསྡུ་བའི་གཞི་ཁྱོན་ལོ་རེ་བཞིན་མང་དུ་བཏང་ནས་2020ལོར་སླེབས་སྐབས་བྱིས་ནད་ཚན་ཁག་གི་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་མཁན་སྨན་པ་བཀའ་བཅུ་པ་ཁྲི་གསུམ་ཡན་བསྡུ་རྒྱུའི་བརྩོན་ལེན་བྱེད་དགོས།
         ——སྲིད་ཇུས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། བྱིས་ནད་ཚན་ཁག་གི་སྨན་དོན་མི་སྣའི་ལས་འབོར་ཆེ་བ་དང་། ཉེན་ཁ་ཆེ་བ། དཀའ་ངལ་ཧ་ཅང་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་བསམ་གཞིགས་གང་ལེགས་བྱས་ནས་བྱིས་ནད་ཚན་ཁག་གི་སྨན་དོན་མི་སྣའི་གླ་ཕོགས་དང་ཐོབ་ཐང་ལུགས་མཐུན་ཡོང་བ་བྱས་ཏེ། བྱིས་ནད་ཚན་ཁག་གི་སྨན་དོན་མི་སྣའི་ཡོང་འབབ་དེ་ཆེད་ལས་གཞན་དག་གི་སྨན་དོན་མི་སྣའི་ལོ་འཁོར་ཡོང་འབབ་ཀྱི་ཆ་སྙོམས་ཆུ་ཚད་དང་མཉམ་པ་བྱས་ནས་ལས་གནས་དེའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་དགོས།
         ——བྱིས་པའི་ནད་ཡམས་སྔོན་འགོག་ལ་ཤུགས་སྣོན་རྒྱག་དགོས་ཤིང་། མཁོ་མཁན་ཕྱོགས་ཀྱི་གནོན་ཤུགས་ཆུང་དུ་གཏོང་བ་དང་འགག་སྒོ་ལྷུག་ཏུ་བཏང་ནས་བུ་བཅོལ་ཁང་དང་སློབ་གྲྭ་འབྲིང་ཆུང་གི་ནད་ཡམས་སྔོན་འགོག་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་དོན་འཁྱོལ་བྱས་ཏེ་རིམས་ནད་སྔོན་འགོག་ཁབ་ཡག་པོ་རྒྱག་དགོས་པ་དང་བྱིས་པའི་འཕྲོད་སྦྱོར་དོ་དམ་ལ་ཤུགས་སྣོན་རྒྱག་དགོས།