མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།“བྱིས་པ་གསོ་སྐྱོང་གི་2016ལོའི”ཆེད་དོན་བྱ་སྤྱོད་སྤེལ་ནས་ལོ་ཆུང་བྱིས་པ་སྐྱོན་
བྲལ་ངང་འཚར་ལོངས་ཡོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་ཉེ་ཆར་བརྡ་ཐོ་བཀྲམས་ནས་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་ཟླ་2པ་ནས་9པ་བར“འཆལ་རྡུང་ལོག་སེལ·བྱིས་པ་གསོ་སྐྱོང་གི་2016ལོའི”ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་ཡོད་པའི་སྒོ་ནས་སྤེལ་ཏེ་བྱིས་པར་གནོད་པ་ཡོད་པའི་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་དང་ཆ་འཕྲིན་བཟོས་ཚོང་དང་བརྒྱུད་བསྒྲགས་བྱེད་པའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ནས་ལོ་ཆུང་བྱིས་པ་སྣེ་འཁྲིད་ཀྱིས་དཔེ་དེབ་མང་ཙམ་བལྟ་བ་དང་དཔེ་དེབ་ཡག་པོ་བལྟ་བ་ལས་ལོ་ཆུང་བྱིས་པར་གནོད་པ་ཡོད་པའི་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་དང་དེ་བཞིན་ཆ་འཕྲིན་རིང་དུ་སྤོང་བ་དང་དེར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བཀོད་སྒྲིག་བྱས་ཡོད།
         རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གི་འགན་འཁུར་བས་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྤྱི་ཚོགས་ཀྱི་རིག་གནས་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་ནི“འཆལ་རྡུང་ལོག་སེལ”ལས་ཀའི་ནང་དོན་གཙོ་བོ་ཞིག་རེད། ཆགས་སྲེད་འདོད་ལོག་དང་། གཏུམ་སྤྱོད། འཇིགས་སྐུལ། གདུག་རྩུབ་སོགས་ནང་དོན་ཡོད་པའི་དཔེ་སྐྲུན་དངོས་པོ་དང་ཆ་འཕྲིན་གྱིས་ལོ་ཆུང་བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་བ་དང་ཁྲིམས་འགལ་གྱི་ཉེས་གསོག་བྱེད་སྤྱོད་སྣ་ཚོགས་ཐོན་སླ་པོ་ཡོད། སྒུལ་བདེའི་དྲ་སྦྲེལ་དང་རིག་ལྡན་ལག་ཐོགས་ཁ་པར་སོགས་ཡོངས་ཁྱབ་བྱུང་བ་དང་བསྟུན་ནས་ལོ་ཆུང་བྱིས་པས་དྲ་ཐོག་ནས་གནོད་པ་ཡོད་པའི་ཆ་འཕྲིན་དེ་རིགས་བལྟ་སྲིད་པའི་རང་བཞིན་ཟམ་མི་ཆད་པར་ཆེ་རུ་འགྲོ་གི་ཡོད་སྟབས་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་གྱོད་གཞི་ཞིབ་གཅོད་བྱས་པ་བརྒྱུད་ན་སོ་དར་ལ་མ་བབས་པའི་མིས་ཆགས་སྲེད་འདོད་ལོག་གི་ཆ་འཕྲིན་དྲ་བ་སྤྱི་ཚོགས་ཚོགས་པ་སོགས་ནང་ཞུགས་པའི་གནས་ཚུལ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད་པ་མ་ཟད། ཉེས་གསོག་གི་བྱེད་སྤྱོད་ཀྱང་ཐོན་སླ་པོ་ཡོད་སྟབས་དྲ་ཐོག་གི་ཆགས་སྲེད་འདོད་ལོག་སོགས་གནོད་པ་ཡོད་པའི་ཆ་འཕྲིན་ལ་རྒྱལ་ཡོངས“འཆལ་རྡུང་ལོག་སེལ”གཞུང་ལས་ཁང་གིས་རྡུང་རྡེག་མཐའ་གཅིག་ཏུ་གཏོང་བ་དང་རྡུང་རྡེག་ཚ་ནན་བཏང་སྟེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དྲ་ཐོག་གི་གནོད་པ་ཡོད་པའི་ཆ་འཕྲིན་གྱིས་ལོ་ཆུང་བྱིས་པར་གནོད་འཚེ་གཏོང་ཤུགས་ཆུང་དུ་གཏོང་རྒྱུ་རེད་ཅེས་བཤད་པ་རེད།
         “བྱིས་པ་གསོ་སྐྱོང་གི་2016ལོའི”ཆེད་དོན་བྱ་སྤྱོད་ཀྱིས་སློབ་གྲྭའི་ཉེ་འགྲམ་གྱི་དཔེ་སྐྲུན་དངོས་པོའི་ཁྲོམ་རའི་ཁོར་ཡུག་གཙོ་གནད་ཐོག་གཙང་བཤེར་དང་དྲ་ཐོག་ཏུ་ཆགས་སྲེད་འདོད་ལོག་སོགས་གནོད་པ་ཡོད་པའི་ཆ་འཕྲིན་འགྲེམས་སྤེལ་བྱེད་པའི་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་རེད། ས་ཁུལ་ཁག་ལ་སློབ་གྲྭ་འབྲིང་ཆུང་ཉེ་འགྲམ་གྱི་དཔེ་སྐྲུན་དངོས་པོའི་ཁྲོམ་ར་གཅིག་སྡུད་གཙང་བཤེར་བྱས་ཏེ་གཙོ་གནད་ཐོག་གནོད་པ་ཡོད་པའི་དཔེ་དེབ་དང་ཀོ་ཕིག་གི་བརྙན་དེབ་དང་རོལ་རྩེད་ཀྱི་གཉེན་ཆས་སོགས་ཞིབ་བཤེར་ཐག་གཅོད་བྱས་ཏེ་ལག་ཁྱེར་མེད་པའི་ཚོང་ཁང་དང་ཡུལ་སྐོར་དངོས་ཟོག་སྡེར་ཐང་དུ་འདོན་མཁན་གྱིས་སློབ་གྲྭའི་ཉེ་འགྲམ་དུ་དཔེ་སྐྲུན་དངོས་པོ་འཚོང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་སློབ་གྲྭའི་ཉེ་འགྲམ་དུ་དཔེ་སྐྲུན་དངོས་པོ་འཚོང་མཁན་ཚན་པས་ཆོས་ལོག་དང་། རྨོངས་དད། གཏུམ་སྤྱོད། ཉེས་གསོག་ངན་སྐུལ་བྱེད་པ་སོགས་ན་སོ་དར་ལ་མ་བབས་པའི་མིའི་ལུས་སེམས་བདེ་ཐང་ལ་འཇིགས་སྐུལ་བཟོ་བ་དང་གདུག་རྩུབ་བཟོ་བ་སོགས་ནང་དོན་ཡོད་པའི་དཔེ་སྐྲུན་དངོས་པོ་འཚོང་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས། ན་སོ་དར་ལ་མ་བབས་པའི་མི་ཁ་གཏད་གཙོ་བོར་བྱས་པའི་གནོད་པ་ཡོད་པའི་རོལ་རྩེད་དང་། སྒྲུང་ཐུང་། རོལ་རྩེད། ཀོ་ཕིག་སོགས་ཆགས་སྲེད་འདོད་ལོག་གི་ཆ་འཕྲིན་ལྡན་པའི་དྲ་བའི་སྤྱི་ཚོགས་འབྲེལ་བ་ཚོགས་པ་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ་ལོ་ཆུང་བྱིས་པར་གནོད་པ་ཆེ་བ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོ་བའི་གནོད་ལྡན་དྲ་ཚུགས་དང་དེ་བཞིན་འབྲེལ་ཡོད་དངོས་ཟོག་བེད་སྤྱོད་བྱེད་མཁན་ལ་གཙོ་གནད་ཐོག་རྡུང་རྡེག་བཏང་སྟེ་དུས་ཐོག་ཏུ་སྒོ་ཐེལ་རྒྱག་རྒྱུ་མ་ཟད་འབྲེལ་ཡོད་འགན་འཁུར་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།