མི་དམངས་དྲ་བ།>>ཀྲུང་གོའི་གུང་ཁྲན་ཏང་གི་གསར་འགྱུར།

༄༅།།ཀྲུང་གོའི་ནུབ་རྒྱུད་ཀྱིས་སློབ་གསོའི་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་
ཐག་བྱས་ནས་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་པའི་རྒྱུན་ཐག་གཅོད་པ།

གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་12ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

         “སློབ་དུས་གསར་པ་ཚུགས་པ་ནས་བཟུང་སློབ་ཡོན་ཙག་ཙིག་དང་སློབ་དེབ་ཀྱི་དངུལ་སྤྲོད་དགོས་མི་དགོས་པར་རིན་མེད་ངང་མཐོ་རིམ་སློབ་འབྲིང་ལ་སྐྱོད་ཆོག་པའི་གནས་ཚུལ་གོ་ཐོས་བྱུང་སྐབས་ང་དང་གཅུང་མོ་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་ང་གཉིས་ཀྱིས་སློབ་སྦྱོང་ཡག་པོ་བྱས་ཏེ་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུ་ཡིན”ཞེས་ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ལེང་ཏང་རྫོང་ལེང་ཏང་མཐོ་རིམ་སློབ་འབྲིང་དང་པོའི་སློབ་མ་ཀྲའོ་རྨི་ལན་གྱིས་སྤྲོ་བ་འཕེལ་བཞིན་བཤད།
         2016ལོའི་དཔྱིད་དུས་ཀྱི་སློབ་འགོ་ཚུགས་པ་ནས་བཟུང་ལེང་ཏང་ཞེས་པའི་རི་ཁྲོད་དུ་ཡོད་པའི་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་དེར་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་གྱི་ལོ་བཅུ་གཉིས་ཀྱི་རིན་མེད་སློབ་གསོ་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་རེད།
         དེ་ནི་ཀན་སུའུ་ཞིང་ཆེན་གྱིས་སློབ་གསོའི་གནད་སྨིན་དབུལ་སྐྱོར་ལ་ཤུགས་སྣོན་རྒྱག་པ་མཚོན་པའི་བསྡུས་རིས་ལྟ་བུ་ཞིག་རེད། 2016ལོ་ནས་བཟུང་ཀན་སུའུ་ཡིས་ཞིང་ཆེན་དེ་ཡོངས་ཀྱི་ཡིག་ཚགས་བཟོས་ནས་གཱ་སྤྲད་པའི་དབུལ་པོའི་དུད་ཚང་གི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་མའི་སློབ་ཡོན་ཙག་ཙིག་དང་སློབ་དེབ་ཀྱི་དངུལ་རྩ་ཆག་གཏོང་བའི་ལས་དོན་སྤེལ་འགོ་ཚུགས་ཤིང་། སྔོན་དཔག་བྱས་ན་དེ་ལས་མཐོ་རིམ་སློབ་འབྲིང་གི་སློབ་མ་དབུལ་པོ་ཁྲི་10ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།
         དབྱེ་ཞིབ་མི་སྣས་མིག་སྔར་ཀྲུང་གོའི་ནུབ་རྒྱུད་ཀྱི་ཞིང་ཆེན་མང་པོ་ཞིག་ཏུ་འོས་འགན་སློབ་གསོའི“རྩ་ཆག་གཉིས་དང་ཁ་གསབ་གཅིག”ལག་ལེན་བསྟར་བའི་རྨང་གཞིའི་ཐོག་མཐོ་རིམ་སློབ་འབྲིང་གི་སློབ་གསོ་དང་། འབྲིང་རིམ་ལས་རིགས་སློབ་གསོ། སློབ་ཞུགས་གོང་གི་སློབ་གསོ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་སློབ་གསོ་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ནས་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་པའི་རྒྱུན་ཐག་གཅོད་བཞིན་ཡོད་ཅེས་བསྟན་པ་རེད།
         དེའི་རིང་ཚོགས་པའི་ཚོགས་འདུ་གཉིས་ཀྱི་ཐོག་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་སྐབས“སྤྱི་པའི་སློབ་གསོའི་གཏོང་ཆ་གཏོང་ཤུགས་དབུས་ནུབ་རྒྱུད་དང་ཐག་རིང་ས་ཁུལ་དབུལ་པོར་ལ་ཆེ་རུ་གཏོང་དགོས”དང་། “ཡིག་ཚགས་བཟོས་ནས་གཱ་སྤྲད་པའི་ཁྱིམ་ཚང་གི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སྤྱིར་བཏང་མཐོ་རིམ་སློབ་འབྲིང་གི་སློབ་མའི་སློབ་ཡོན་ཙག་ཙིག་དང་ཐོག་རྩ་ཆག་གཏོང་དགོས” “ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་འཕེལ་རྒྱས་གཏོང་རྒྱུར་ལྕག་སྐུལ་བྱེད་དགོས”“དེང་རབས་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་གསུངས་ཡོད་པ་རེད།
         ལན་ཀྲོའུ་སློབ་ཆེན་སློབ་གསོ་སློབ་གླིང་གི་ཡོའན་ཀྲང་ལི་ཧྲོ་ཧའོ་ཡིས་སློབ་གསོའི་ཆ་་རྐྱེན་སྐྱོ་བ་དང་། སློབ་མ་ཤོར་བ། སློབ་གསོའི་འདུ་ཤེས་རྗེས་ལུས་ཡིན་པ་སོགས་ནི་ཀྲུང་གོའི་གྲོང་གསེབ་དབུལ་པོ་ཆགས་པའི་རྒྱུ་རྐྱེན་གཙོ་བའི་གྲས་ཤིག་རེད། ས་ཁུལ་དབུལ་པོ་ལ་ཆ་མཚོན་ན། སློབ་གསོའི་དབུལ་སྐྱོར་ནི་ཆེས་ནུས་ལྡན་དང་ཆེས་ཐད་ཀའི་དབུལ་སྐྱོར་བྱེད་ཐབས་ཤིག་རེད། མ་ཚད་སློབ་གསོ་དེའང་མི་ཉིད་ཀྱི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གཙོ་ཁྲིད་རྒྱུ་རྐྱེན་ཞིག་ཀྱང་རེད། སློབ་གསོའི་དབུལ་སྐྱོར་བྱས་ན་དབུལ་སྐྱོར་རྒྱུན་མི་ཆད་པར་བྱུང་ནས་དབུལ་པོ་མི་རབས་ནས་མི་རབས་རྒྱུན་མཐུད་པའི་རྒྱུན་ཐག་ཆོད་རྒྱུ་རེད་ཅེས་བཤད་པ་རེད།
         མཐོ་རིམ་སློབ་འབྲིང་གི་སློབ་གསོར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ན་སློབ་མ་དབུལ་པོ་སྔར་བས་མང་བ“སློབ་ཡོན་གྱི་དཀའ་ལམ”ནས་བསྒྲལ་ཏེ་མུ་མཐུད་སློབ་གྲྭར་སྐྱོད་ཐུབ། གཞན་ཡང་ལས་རིགས་སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་ན་ཕྲུ་གུ་ཚོས་ལག་རྩལ་གཅིག་ཤེས་ཏེ་ལས་ཞུགས་ཐུབ་ནས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བའི་འགན་ལེན་བྱེད་ཐུབ།
         གཞན་དང་འདྲ་བར་ཀྲུང་གོའི་ནུབ་རྒྱུད་དུ་ཆགས་པའི་ཀུའེ་ཀྲོའུ་ཞིང་ཆེན་གྱིས་2013ལོ་ནས་བཟུང་ལོ་གསུམ་རིན་མེད་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་འཆར་གཞིར་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2015ལོ་ཁོ་ནར་འབྲིང་རིམ་ལས་རིགས་སུ་སློབ་མ་ཁྲི་33.2བསྡུས་ནས་དབུལ་པོའི་ཁྱིམ་ཚང་གི་ཕྲུ་གུ་མང་དག་ཅིག་ལ་རོགས་རམ་བྱས་ཡོད་པ་རེད།
         ལེའོ་ཡུན་ནི་ཀུའེ་ཀྲོའུ་ཞིང་ཆེན་པི་ཅི་གྲོང་ཁྱེར་ཆན་ཤིས་རྫོང་གི་འབྲིང་རིམ་ལས་རིགས་སློབ་གྲྭའི་ནད་ཞབས་ཆེད་ལས་ཀྱི་སློབ་མ་ཞིག་རེད། འདི་ལོ་ལོ་17ལ་སླེབས་པའི་ཁོ་མོ་འབྲིང་རིམ་ལས་རིགས་སློབ་གྲྭ་ཐོན་ནས་མཐོ་རིམ་ལས་རིགས་སློབ་གྲྭར་བསྐྱོད་རྒྱུ་རེད། མ་གཞི་བྱས་ན་དམའ་རིམ་སློབ་འབྲིང་ཐོན་རྗེས་གླ་པར་བསྐྱོད་རྩིས་ཡོད་པའི་ཁོ་མོ་ལས་རིགས་སློབ་གྲྭར་ཞུགས་རྗེས་མི་ཚེའི་ལམ་བུ་གཞན་ཞིག་ཐོག་བསྐྱོད་རྒྱུ་བྱུང་བ་རེད།
         “ད་ལྟ་སློབ་ཡོན་སྤྲོད་མི་དགོས་པར་ད་དུང་ལོ་ལྟར་ཁ་གསབ་སྒོར་3500ཙམ་ཚུར་སྤྲོད་པ་ལས་སློབ་སྦྱོང་དང་འཚོ་བ་གཉིས་ཀར་འགན་ལེན་བྱུང་། སྦྱངས་འབྲས་ཡག་པོ་དེ་ཙམ་མེད་པའི་རང་ཉིད་ད་བར་སློབ་སྦྱོང་བྱེད་འདོད་ཆེན་པོ་ཡོད། དེ་སྔོན་དམའ་རིམ་སློབ་འབྲིང་ཐོན་རྗེས་མུ་མཐུད་སློབ་གྲྭར་བསྐྱོད་རྒྱུ་ཨེ་ཡོང་སྙམ་བྱུང་། ཡིན་ནའང་ད་ལྟ་ལས་རིགས་སློབ་གསོ་དང་ལེན་བྱས་པ་བརྒྱུད་རང་ཉིད་ལ་སློབ་སྦྱོང་གི་གོ་སྐབས་ཤིག་བྱུང་བ་མ་ཟད། ད་དུང་ལག་རྩལ་ཞིག་ཀྱང་ཤེས་བྱུང”ཅེས་ལེའོ་ཡུན་གྱིས་བཤད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་སློབ་གྲྭ་དེར་རྩིས་རྒྱག་འཕྲུལ་འཁོར་དང་། ཡུལ་སྐོར་མགྲོན་ཁང་། སློབ་གོང་སློབ་གསོ། གསོ་བ་རིག་པ། འགྲིམ་འགྲུལ་སྐྱེལ་འདྲེན་བཅས་ཆེད་ལས་ཆེན་པོ་5དང་ཆེད་ལས་ཆུང་བ་14ཡོད་པ་རེད།
         ཉེ་བའི་ལོ་གསུམ་རིང་ཆན་ཤིས་རྫོང་འབྲིང་རིམ་ལས་རིགས་སློབ་གྲྭ་ནས་ཐོན་པའི་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་ཟིན་ཡོད་པ་རེད། ལག་རྩལ་ཆུ་ཚད་ཅུང་མཐོ་བར་བརྟེན་སློབ་ཐོན་སློབ་མ་མང་ཆེ་བ་ལས་ཞུགས་ཐུབ་རྗེས་ཁེ་ལས་ཀྱི་རྗེས་གྲབས་ལས་བྱེད་པ་གསོ་སྦྱོང་བྱ་ཡུལ་དུ་གྱུར་པ་དང་ཆ་སྙོམས་གླ་ཕོགས་སྒོར་3000ཡན་ཟིན་ནས་རང་ཁྱིམ་དབུལ་སྒྲོལ་ཐུབ་རྒྱུར་འགན་ལེན་ནུས་ལྡན་བྱུང་ཡོད་པ་རེད།
         ནུབ་རྒྱུད་དུ་ཡོད་པའི་སི་ཁྲོན་ནི་ཀྲུང་གོའི་ནང་གི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་དེ་རེད། དུས་ཡུན་རིང་པོའི་ནང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྗེས་ལུས་ཐེབས་ལ་སློབ་གསོའི་རྨང་གཞི་ཡང་སྐྱོ་ཙམ་ཡོད་པ་རེད།
         2015ལོར་སི་ཁྲོན་ལེང་ཧྲན་ཀྲོའུ་རུ་གཞུང་བཙུགས་ཀྱི་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་གཅིག་ཁོ་ན་ལས་མེད་པ་དང་སློབ་ཞུགས་གོང་གི་སློབ་གསོའི་ཐོན་ཁུངས་ཧ་ཅང་ཁ་ཐང་པོ་ཡོད། ཡིན་ནའང་ན་ནིང་ནས་བཟུང་ཀྲོའུ་དེས“གྲོང་ཚོ་གཅིག་ལ་བུ་བཅོལ་ཁང་གཅིག”གི་འཆར་གཞི་ལག་ལེན་བསྟར་ཏེ་གྲོང་ཚོ་རིམ་པའི་སློབ་ཁྲིད་ས་ཚིགས་978གསར་དུ་བཙུགས་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི་4ཙམ་ཞུགས་ཐུབ་པ་བྱུང་ནས་དབྱིས་རིགས་ཁུལ་གྱི་གྲོང་གསེབ་ཏུ་སློབ་ཞུགས་གོང་གི་སློབ་གསོ་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད་པ་རེད།
         ལེང་ཧྲན་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་ཞེ་ཉིང་གིས་གལ་ཏེ་ས་གནས་དེ་གའི་སློབ་མ་སློབ་ཞུགས་གོང་གི་སློབ་གསོ་མ་འགྲིམས་པར་སློབ་ཆུང་དུ་བསྐྱོད་རྗེས་གཞི་ནས་རྒྱ་ཡིག་སྦྱངས་ན་སློབ་ཁྲིད་བྱ་རིམ་གྱི་རྗེས་སུ་སྙེགས་མི་ཐུབ་པ་དང་རྒྱ་སྐད་མི་ཤེས་པ་ལས་སློབ་སྦྱོང་བྱེད་རིང་དཀའ་ངལ་ཆེན་པོ་འཕྲད་རྒྱུ་རེད། དབྱིས་རིགས་ཁུལ་དུ་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་དར་སྤེལ་བཏང་སྟེ“ཞན་ཆའི་ཁྲོད་ཀྱི་ཞན་ཆ”ལ་དམ་འཛིན་ནན་པོ་བྱས་ནས“སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ཏེ་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི”གཞི་རྩ་འབྱུང་རྩ་ནས་བརྟན་དུ་བཏང་ཡོད་ཅེས་བཤད།
         “སློབ་གསོར་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ་ལས་ས་གནས་དེ་གའི་མི་སེར་གྱི་བསམ་བློ་གཏོང་སྟངས་ལ་རིམ་བཞིན་འགྱུར་བ་བྱུང་བ་དང་ཆབས་ཅིག་ཕྲུ་གུས་དཔེ་དེབ་མང་ཙམ་བལྟ་རྒྱུ་དེ་ཁྱིམ་བདག་ཚོའི་རང་འགུལ་གྱི་གདམ་ག་ཞིག་ཏུ་གྱུར་ཡོད། ད་ཆ་ཀྲོའུ་དེའི་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་བར་གྱི་སློབ་གྲྭ་ཚང་མར་ཧ་ལམ་མི་གྲངས་ལོངས་བཞིན་སློབ་གཉེར་བྱེད་ཀྱི་ཡོད”ཅེས་ཞེ་ཉིང་གིས་བཤད་པ་རེད།